བྱིས་པའི་ཀློག་རྩལ་འཁྲིད་ཐབས་ཀྱི་ཟབ་སྦྱོང་།

ཟླ་འདིའི་ཚེས ༢༠ ནས་ཉིན་གྲངས་ལྔ་རིང་ཤེས་རིག་ལས་ཁུངས་གི་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་སྐྱ་གསོལ་མགྲོན་ཁང་དུ་བྱིས་བའི་ཀློག་རྩལ་འཁྲིད་ཐབས་སྐོར་གྱི་ཟབ་སྦྱོང་ཞིག་ཚོགས་ཀྱི་འདུག

ཟབ་སྦྱོང་མགོ་འཛུགས་ཀྱི་མཛད་སྒོའི་ཐོག་སློབ་སྟོན་པ་བསོད་ནམས་གངས་བསང་ལགས་ཀྱིས་བྱིས་པའི་ཀློག་རྩལ་འཁྲིད་ཐབས་སྐོར་ནས་དགེ་རྒན་ཚོར་ངོ་སྤྲོད་གསུང་བཤད་གནང་ཡོད་པ་དང་། ཐེངས་འདིའི་བྱིས་པའི་ཀློག་རྩལ་སྐོར་གྱི་ཟབ་སྦྱོང་དེར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་དང་གོ་ལེ་གྷལ། ཧུན་སོར་གཞིས་ཆགས་བཅས་ནས་གཞི་རིམ་དགེ་རྒན་༢༥་དང་། དེ་སྔོན་དྷ་རམ་ས་ལར་ཡོང་མ་ཐུབ་པའི་གཞི་རིམ་འོག་མའི་དགེ་རྒན་༤དང་སློབ་གྲྭ་ཆུང་འབྲིང་གི་དཔེ་མཛོད་དོ་དམ་པ་གཅིིིག་བཅས་ཁྱོན་དགེ་རྒན་སུམ་ཅུ་མཉམ་ཞུགས་གནང་འདུག

གསར་འགོད་པས་བསྟན་འཛིན་ཀུན་གསལ་ལགས་སུ་བྱིས་པའི་ཀློག་རྩལ་འཁྲིད་ཐབས་འདིའི་ཕན་ཐོགས་ག་འདྲ་ཞིག་བྱུང་གི་ཡོད་དམ་ཞེས་བྲིས་པར། ཟབ་སྦྱོང་འདི་ཕྱི་ལོ་ ༢༠༡༤ལོ་ནས་མགོ་འཛུགས་ཀྱིས་ད་ལྟའི་བར་གཞི་རིམ་དགེ་རྒན་ ༥༠༠ ལྷག་ལ་གོ་སྐབས་ཐོབ་ཡོད་པ་རེད། ང་རང་ལ་མཚོན་ན། ཕྱི་ལོ་༢༠༡༧ ལོ་ནས་ས་གནས་གཞི་རིམ་སློབ་གྲྭ་ཁག་གི་ནང་བྱིས་པའི་ཀློག་རྩལ་སྐོར་ལ་རྟོག་ཞིབ་བྱེད་དུ་སོང་བ་ཡིན། འདས་པའི་དུས་ཚོད་དང་བསྡུར་ན་བྱིས་པའི་ཀློག་རྩལ་དེ་ཡར་རྒྱས་ཆེན་པོ་ཕྱིན་འདུག སྔོན་མ་ཡིན་ན་དགེ་རྒན་གྱིས་ཀློག་རྩལ་འཁྲིད་ཐབས་དང་སློབ་ཕྲུག་ཚོས་ཀློག་པའི་སྐབས་སུ་འཕྱ་དམོད་དང་དམའ་འབེབས་བྱེད་པ་སོགས་མེད་པར་ཡར་རྒྱས་ཧ་ཅང་སོང་འདུག དེ་འདྲའི་ཟབ་སྦྱོང་ག་ཚོད་གནང་ཐུབ་ན་ཡག་པོ་འདུག ཅེས་བརྗོད་བྱུང་།

ཡང་མོས། དགེ་རྒན་ཚང་མས་སློབ་ཕྲུག་ཚོར་བསམ་ཤེས་ཀྱིས་སློབ་ཕྲུག་ཚོས་ཀློག་པའི་སྐབས་སུ་འཕྱ་དམོད་དང་དམའ་འབེབ་མི་བྱེད་པར་ཀློག་རྩལ་གྱི་སྣེ་འཁྲིད་ལ་ཐབས་ཤེས་མང་པོ་ཡོད་པ་རེད་ལ། དགེ་རྒན་ཚོར་ཀློག་རྩལ་ཡག་པོ་དགོས་པ་རེད་ཅེས་བཤད་ན་དེ་སྔོན་ཡིན་ན་འགྲིག་བསྡད་ཡོད་པ་རེད་ལ། ད་ལྟ་ཡིན་ན་དེའང་ག་རང་རེད་ཅེས་མི་འདུག་པར་སློབ་ཕྲུག་ཚོར་ཀློག་རྩལ་འཁྲིད་རྒྱུ་གལ་ཆེན་པོ་ཡིན་ལ། ང་ཚོའི་ངོས་ནས་ཀྱང་སློབ་ཕྲུག་ཚོར་ཀློག་རྩལ་ཡག་པོ་ཡོང་ཆེད་ས་གནས་ཁག་གི་སྔོན་འགྲོའི་དགེ་རྒན་ཚོ་ལ་རྨང་གཞི་གལ་ཆེན་དུ་རྩིས་ནས་ཟབ་སྦྱོང་འདི་ཚོགས་པ་ཡིན་ཟེར། ཞེས་བརྗོད་བྱུང་།

གོ་ལི་གྷལ་བོད་སློབ་སྔོན་འགྲོའི་དགེ་རྒན་བསྟན་འཛིན་དཔལ་སྒྲོན་ལགས་སུ་ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་ཀྱིས་ཕན་ཐོགས་དང་མྱོང་ཚོར་ག་འདྲ་བྱུང་ཞེས་དྲིས་པར། ཟབ་སྦྱོང་འདི་ལྟ་བུ་ཚོགས་ཐུབ་པ་དེ་ཧ་ཅང་གལ་ཆེན་པོ་དང་ཡག་པོ་འདུག ང་ཚོས་དེ་སྔོན་སློབ་ཕྲུག་ཚོ་ལ་ཡི་གེ་ཀློག་སྟངས་དང་འཁྲིད་སྟངས་སོགས་ལ་བསམ་བློ་གཏོང་དུས་རྗེས་ལུས་ཀྱི་རྣམ་པ་ཞིག་མཐོང་ཡོང་གི་འདུག ང་རང་ཡིན་ན་ད་ལྟ་ཟབ་སྦྱོང་འདིར་ཐེངས་གཉིས་ལ་མཉམ་ཞུགས་བྱས་པ་ཡིན་ལ། ཕྱོགས་མང་པོ་ཞིག་ནས་ཕན་ཐོགས་ཧ་ཅང་འདུག་པ་མ་ཟད། སློབ་ཕྲུག་ཚོར་སློབ་འཁྲིད་བྱེད་སྟངས་སོགས་ལ་སྔོན་དང་མ་འདྲ་བའི་ཁྱད་པར་ཆེན་པོ་ཞིག་མཐོང་གི་འདུག་པས་འདི་ལྟ་བུའི་ཟབ་སྦྱོང་མུ་མཐུད་ག་ཚོད་ཡོད་ནའང་མཉམ་ཞུགས་ཐུབ་ན་ཡག་པོ་འདུག ཅེས་བརྗོད་བྱུང་།

ཟབ་སྦྱོང་འདི་ཟླ་འདིའི་ཕྱི་ཚེས༢༤ཉིན་ནས་མཇུག་སྒྲིལ་གྱི་ཡོད་པ་དང་། ཕྱི་ཟླ་༣ པའི་ཚེས ༥་ནས ༩ བར་མོན་གྷོ་བོད་མིའི་གཞིས་ཆགས་ཀྱི་གཞི་རིམ་སློབ་གྲྭ་ཁག་ནང་འཚོགས་རྒྱུ་ཡིན་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༠༢/༢༤

Leave a Reply

One thought on “བྱིས་པའི་ཀློག་རྩལ་འཁྲིད་ཐབས་ཀྱི་ཟབ་སྦྱོང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    ལློག་རྩལ་ (reading power )
    བྲི་རྩལ་ ( writing power)
    བཤོད་རྩལ་ ( speaking power )
    ཉན་རྩལ་ (listening power)

    གཞི་རིམ་ཤེས་ཡོན་གྱི་རྨངས་གཞི་བཞི་།
    four basic foundation of education.