ཁང་བརྩེགས་གཉིས་གས་གཏོར་འཆར་འགོད་བྱས་ཡོད་པ་ཧ་གོ

ཁ་སང་གངས་སྐྱིད་དཔེ་སྟོན་སློབ་གྲྭའི་འོག་གི་རྒྱ་གར་ཁང་བརྩེགས་གཉིས་ནང་ཚ་གློག་སྦར་ཅིང་འགྲམ་དུ་སོལ་རླངས་རྫ་མ་དང་ས་སྣུམ་སོགས་སྤུངས་ནས་བཞག་སྟེ་མེ་འབར་གྲབས་ཡོད་པ་ཁྱིམ་མཚེས་ཚོས་ཧ་གོ་སྟེ་རྒྱ་གར་ཉེན་རྟོག་པ་སྐད་བཏང་།

དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོང་གི་གཤམ་འོག མེས་དབོན་དཔེ་སྟོན་སློབ་གྲྭའི་ཉེ་འཁྲིས་སུ་ཁང་མིག་ ༡༢ ཡོད་པའི་རྒྱ་གར་བའི་ཁང་བརྩེགས་བཞི་ཐོག་ཅན་ཞིག་དང་། དེའི་འགྲམ་དུ་ཁང་མིག་ ༥ ཡོད་པའི་ཁང་བརྩེགས་སུམ་ཐོག་ཅན་ཞིག་ཡོད་ཅིང་། ཁང་བརྩེགས་དེ་གཉིས་ནང་ཁང་པ་གླས་ཏེ་སྡོད་མཁན་མི་གྲངས་ ༢༡ ཙམ་ཡོད་པའི་ཁྲོད་ཕྱི་གླིང་བ་གཅིག་འཕུད་པའི་གཞན་ཚང་མ་བོད་པ་ཡིན། ཁ་སང་གཟའ་པ་སངས་ཉིན་ཁང་བརྩེགས་དེ་གཉིས་ཀྱི་འོག་ཤོད་ཀྱི་ཁང་མིག་རེ་རེའི་ནང་ཚ་གློག་ཤུགས་ཆེན་པོ་སྦར་བའི་མཐའ་རུ་སོལ་རླངས་རྫ་མ་དང་ས་སྣུམ་སོགས་བཞག་སྟེ། ཁང་བརྩེགས་དེ་གཉིས་གས་གཏོར་གཏོང་རྒྱུའི་འཆར་འགོད་བྱས་ཡོད་པ་བོད་པའི་བུ་མོ་ཞིག་གིས་ཤེས་ཏེ་རྒྱ་གར་ཉེན་རྟོག་པར་ཞུ་གཏུག་བྱས་ཡོད་པ་རེད།

བོད་པའི་བུ་མོ་ XXXX ལགས་ཀྱིས་ཉེན་རྟོག་པར་ངོ་སྤྲོད་གནང་དོན། མ་གཞི་ང་རང་ལས་ཁུངས་ལ་དགོངས་པ་ཞུས་ཏེ་གཞིས་ཆགས་སུ་འགྲོ་རྩིས་ཡོད། ང་སྡོད་སའི་ཁང་བརྩེགས་དང་གྲོགས་མོ་སྡོད་སའི་ཁང་བརྩེགས་གཉིས་གཤིབ་ནས་ཡོད། གྲོགས་མོ་གཞིས་ཆགས་ལ་གུང་སེང་དུ་ཕྱིན་ཏེ་ད་དུང་ཕྱིར་ལོག་མེད། ཁོ་མོའི་ཁང་པའི་ལྡེ་མིག་ངའི་ལག་ཏུ་ཡོད། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༦ ཙམ་ལ་ངས་ཅ་ལག་ཅིག་འཇོག་ཆེད་གྲོགས་མོའི་སྒོ་ཕྱེས་ཏེ་ནང་དུ་ཕྱིན་སྐབས། ཧང་སང་པ་ཞིག་ལ། ཁང་པའི་ནང་སོལ་རླངས་ཀྱི་རྫ་མ་ཆེན་པོ་ ༣ མཉམ་དུ་བཞག་སྟེ་འགྲམ་དུ་ས་སྣུམ་འགྱིག་དམ་སྤྱི་རྒྱ་ ༡༠ ཅན་ཞིག་དང་སྤྱི་རྒྱ་ ༥ ཅན་ཞིག་བཞག་འདུག དེ་དག་སྟེང་གདན་དམར་པོ་ཞིག་བཀབ་སྟེ་ཟུར་དུ་ཚ་གློག་གསར་པ་ཞིག་སོལ་རླངས་རྫ་མར་ཁ་བཏད་དེ་སྦར་འདུག ཁང་པའི་ནང་ཧྲིལ་བོ་ཚ་གློག་གིས་ཚ་སོབ་སོབ་ཆགས་འདུག ང་རང་ཧང་སང་སྟེ་ལམ་སང་གྲོགས་མོར་ཁ་པར་བཏང་སྟེ་གནས་ཚུལ་དེ་བཤད་སྐབས། གྲོགས་མོ་ཡང་ཧང་སང་སྟེ་མོ་རང་གི་ཁང་པའི་ལྡེ་མིག་ང་རང་ལས་མི་གཞན་སུ་གང་གི་ལག་ཏུའང་མེད་ཟེར།

དེ་ནས་ང་རང་གི་སེམས་ལ་དོགས་པ་སྣ་ཚོགས་སྐྱེ་བཞིན་གྲོགས་མོ་གཞན་ཞིག་དང་མཉམ་དུ་དྷ་ཤོད་དུ་ཕྱིན་ཏེ་སྒོ་ལྕགས་ཤིག་ཉོས་ནས་ཕྱིར་ནང་དུ་ལོག་པ་ཡིན། དེ་ནས་ངའི་གྲོགས་མོ་དང་གྲོགས་མོའི་རོགས་པ་ང་ཚོ་གསུམ་གྱིས་ཁང་པའི་ནང་ཧྲིལ་བོར་ཞིབ་འཇུག་ནན་ཏན་བྱེད་སྐབས་གཞི་ནས་ཐབ་ཚང་གི་སྒེའུ་ཁུང་གཏོར་ཡོད་པ་ཧ་གོ་སོང་། ང་ཚོ་རྦད་དེ་ཧང་སང་སོང་། ཁྱིམ་མཚེས་ཚོར་སྐད་བཏང་སྟེ་ང་ཚོ་མི་གསུམ་གྱིས་ཁང་བརྩེགས་དེ་དང་དེའི་འགྲམ་གྱི་ཁང་བརྩེགས་སོགས་ལ་ལྟ་སྐབས། དགོང་མོའི་ཆུ་ཚོད་ ༩ ཙམ་ལ་ཁང་བརྩེགས་གཞན་པ་དེའི་འོག་ཤོད་ཀྱི་ཁང་མིག་ཅིག་གི་ནང་དུའང་གོང་དང་གཅིག་མཚུངས་ཀྱིས་སོལ་རླངས་རྫ་མ་ཆེན་པོ་ཞིག་དང་མཉམ་དུ་འགྱིག་དམ་ཞིག་གི་ནང་ས་སྣུམ་སྤྱི་རྒྱ་ ༥ དང་། དེའི་ཟུར་དུ་ཚ་གློག་ཅིག་སྦར་ཏེ་ཁང་པའི་ནང་ཧྲིལ་བོ་དམར་ལམ་ལམ་ཡོད་པ་མཐོང་སོང་། ཁང་མིག་དེའི་རྒྱབ་ཀྱི་ཐབ་ཚང་སྒེའུ་ཁུང་ཡང་གཏོར་འདུག

དེ་ནས་ང་ཚོ་ཞེད་ཀྱིན་ཞེད་ཀྱིན་ཐབ་ཚང་སྒེའུ་ཁུང་ལས་ནང་དུ་འཛུལ་ཏེ་ཚ་གློག་གསོད་ཐབས་བྱས་པ་ཡིན། ཁང་པའི་ནང་ཧྲིལ་བོ་ཚ་སོབ་སོབ་ཆགས་འདུག ང་ཚོ་ཧ་ཅང་འཇིགས་སྣང་ཆེན་པོ་སྐྱེས་ཏེ་ལམ་སང་ཁང་བདག་ལ་ཁ་པར་བཏང་བ་ཡིན། ནམ་རྒྱུན་ཁང་བདག་འདི་གར་སྡོད་ཀྱི་ཡོད་པ་མ་རེད། ཁང་བདག་གཅིག་གིས་ངའི་ཕོ་བ་ན་བཞིན་འདུག་ཟེར་ནས་ཡོང་མ་སོང་ལ། ཁང་བདག་གཞན་དེ་འདོད་ལ་མ་འདོད་ཅིག་བྱས་ཏེ་བསླེབས་སོང་། ཞེས་བརྗོད་བྱུང་།

གསར་འགོད་པའི་བོད་པའི་བུ་མོ་དེར་རྒྱ་གར་ཉེན་རྟོག་པ་ཚོས་ག་རེ་བྱས་ཡོད་མེད་སྐོར་དྲིས་པར་ཁོང་མོས་བརྗོད་དོན། ཁང་བདག་བསླེབས་མ་ཁག་ང་ཚོས་ཉེན་རྟོག་པར་སྐད་གཏོང་རོགས་ལབ་སྐབས། དང་པོ་ཁང་བདག་གིས་སྐྱོན་ཡོད་པ་མ་རེད། ཉེན་རྟོག་པ་སྐད་མ་གཏོང་ཟེར། རྗེས་ལ་ང་ཚོས་ཨུ་ཚུགས་བརྒྱབ་སྟེ་ཉེན་རྟོག་པར་ཁ་པར་བཏང་བ་ཡིན། མཚན་ཆུ་ཚོད་ ༡༡ ཡས་མས་ལ་ཉེན་རྟོག་པ་གཉིས་བསླེབས་ཏེ། ཁང་མིག་དེ་གཉིས་ལ་ཞིབ་འཇུག་རགས་ཙམ་བྱས་ཤིང་སོལ་རླངས་དང་ཚ་གློག ས་སྣུམ་སོགས་ཐོ་འགོད་བྱས་ཏེ་ཕྱིན་སོང་།

དེ་རིང་ཞོགས་པ་ཆུ་ཚོད་ ༡༠ ཙམ་ལ་མདང་དགོང་གི་ཉེན་རྟོག་པ་གཉིས་དང་ཉེན་རྟོག་པ་གཞན་གཉིས་བཅས་ཡོང་སྟེ་ང་ཚོ་དྷ་ས་མེག་ལོར་ཉེན་རྟོག་པ་ཡིན། ཁྱོད་ཚོ་དྷ་ཤོད་ཁྱབ་ཁོངས་རེད་ཟེར་ནས་དྷ་ཤོད་ཉེན་རྟོག་པ་སྐད་བཏང་སོང་། ཉིན་གུང་ཆུ་ཚོད་ ༢ ཙམ་ལ་དྷ་ཤོད་དང་ཀཱང་ར་རྫོང་བཅས་ཀྱི་ཉེན་རྟོག་ཁང་དང་གསང་བའི་ལས་ཁོངས་བཅས་ཀྱི་མགོ་བ་དང་ཉེན་རྟོག་པ་བཅུ་གྲངས་ཤིག་བསླེབས་ཏེ་ཞིབ་འཇུག་བྱས་མཐར་ཁང་བདག་གཉིས་འཁྲིད་ནས་ཕྱིན་སོང་། ཞེས་ངོ་སྤྲོད་ཞིབ་ཚགས་གནང་སོང་།

ཚ་གློག་མཐའ་རུ་བཞག་ཡོད་པའི་སོལ་རླངས་རྫ་མ་དང་ས་སྣུམ་སོགས་ཕྱི་ནས་འཁྱེར་ཡོང་བ་མ་ཟད། ཚ་གློག་དེ་གཉིས་ཀྱང་གསར་དུ་ཉོས་ནས་ཁྱེར་ཡོང་བ་ཞིག་ཡིན་པ་ཚ་གློག་གི་ཤོག་སྒམ་ཁང་པའི་ནང་དུ་གཡུག་ཡོད་པ་ལས་ཀྱང་རྟོགས་ཐུབ། ཁང་མིག་དེ་དག་ནང་གི་ཅ་དངོས་རྐང་གཅིག་ཀྱང་རྐུ་འཁྱེར་སོགས་ཀྱི་གནས་ཚུལ་བྱུང་མི་འདུག བོད་པའི་བུ་མོ་དེས་ཕྱི་ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ ཙམ་ལ་ཤེས་རྟོགས་བྱུང་ཡོད་ཅང་། ཉེས་ཅན་གྱིས་ཕྱི་ཚེས་ ༢༢ ཉིན་གྱི་མཚན་གུང་ལས་ཀ་དེ་ལག་བསྟར་བྱས་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད།

ཁང་བརྩེགས་གཉིས་ཀའི་འོག་ཤོད་དུ་ཁང་མིག་གཉིས་རེ་བསྡོམས་པའི་ཁང་མིག་ ༤ ཡོད་པ་ལས་ཁང་མིག་གཅིག་རྒྱ་གར་ཁང་བདག་གི་ཡིན་པ་དང་། ཁང་པ་དེར་སྒོ་ལྕགས་ཀྱང་བརྒྱབ་མེད་ཀྱང་དེར་གནོད་འཚེ་གཏོང་ཐབས་གང་ཡང་བྱས་མེད། ཁང་མིག་གཞན་ཞིག་གི་སྒོ་ལྕགས་དང་རྒྱབ་ཀྱི་ཐབ་ཚང་སྒེའུ་ཁུང་སོགས་གཏོར་ཐབས་བྱས་ཡོད་ཀྱང་གཏོར་ཐུབ་མི་འདུག ཁང་བརྩེགས་དེ་གཉིས་ཀྱི་ཉེ་འགྲམ་གྱི་རྒྱ་གར་བ་གཞན་ཞིག་གིས་བརྗོད་པ་ལྟར་ན། ཕྱི་ཚེས་ ༢༢ ཉིན་གྱི་མཚན་མོ་ཆུ་ཚོད་ ༢ ཡས་མས་ཤིག་ལ་མི་ཞིག་གིས་ཁང་བརྩེགས་དེའི་འོག་གི་ཁང་པའི་སྒོ་ལྕགས་གཏོར་ཐབས་བྱས་ཏེ་སྒྲ་ཆེན་པོ་གྲགས་ཀྱི་ཡོད་པ་ཐོས་སོང་ཟེར།

རྒྱ་གར་ཉེན་རྟོག་པ་ཁག་ཅིག་གིས་གནས་ཚུལ་དེའི་ཐད། རྒྱ་གར་བ་ཞིག་གིས་དེ་འདྲའི་ཇུས་འགོད་བྱེད་པའི་བློ་ཁོག་དང་ཀླད་པ་གཉིས་ཀ་མེད་པ་དང་། ཁང་པ་དེ་གཉིས་ནང་བོད་པ་རྐྱང་བསྡད་ཡོད་སྟབས་བོད་པ་ནང་ཁུལ་གྱི་འགལ་བ་ཞིག་ལ་འབྲེལ་བ་ཡོད་སྲིད་པ་རེད་ཟེར། ཁང་བརྩེགས་དེ་གཉིས་ནང་གི་བོད་པ་ཚོས། ཁང་པ་དེ་དག་ནང་གི་བོད་པ་ཚོ་འཆམ་ཐག་ཆོད་ཡོད་པས་ལས་ཀ་དེ་བྱེད་མཁན་བོད་པ་ཡིན་མི་སྲིད་པ་དང་། ཁང་བདག་ཁོ་རང་གིས་དགོས་མཁོ་ཞིག་གི་ཆེད་དུ་ཇུས་ངན་དེ་བརྩམས་པ་ཡིན་སྲིད་ཟེར།

དོན་རྐྱེན་དེ་བཟོ་མཁན་ཁང་བརྩེགས་དེར་རྒྱུས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། དེང་སྐབས་བོད་པ་མང་པོ་ཞིག་ཕྱི་ལོགས་སུ་ལོ་སར་གོང་སེང་དུ་ཕྱིན་ཏེ་ཁང་པ་ཁ་ཤས་སྟོང་པ་ཡིན་པའང་ཧ་གོ་ཡོད་མཁན་ཞིག་རེད་ཟེར་མཁན་དང་། ཁ་ཤས་ཀྱིས། ཇུས་འགོད་དེ་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་སྟབས་དྲག་སྤྱོད་པའི་བྱེད་སྟངས་ཡིན་སྐོར་དང་། ཁ་ཤས་ཀྱིས། ཁང་བདག་དེར་མི་དགའ་མཁན་གྱི་རྒྱ་གར་བ་ཞིག་ཡིན་སྲིད་སྐོར་སོགས་གླེང་སློང་སྣ་ཚོགས་བྱེད་བཞིན་འདུག

བསྐྱར་བཅོས།: ༢༠༡༨/༠༣/༠༣

Leave a Reply

3 thoughts on “ཁང་བརྩེགས་གཉིས་གས་གཏོར་འཆར་འགོད་བྱས་ཡོད་པ་ཧ་གོ

  1. སྐལ་བཟང་མཚོ།

    བོད་པ་ཚོར་ཨ་ཡོད་ནང་གི་ད་ཡོད། དུས་བབ་ཚང་གི་མགོ་ལས་ཡོངས་ཀྱིས་གཟབ་ཙམ་གནང་རོགས། ཡིག་རྨོངས་བླུན་རྒན་ཚོས་གང་བྱུང་བྱེད་སྲིད་པ་རེད། བོད་ཀྱི་དུས་བབ་ནི་བོད་མི་རིགས་ཤི་གསོན་མཚམས་ཀྱི་སེམས་པ་ཀླན་ས་ཁོ་ན་དེ་ཡིན། དུས་བབ་གསར་ཁང་རྩ་མེད་འགྲོ་བ་ལས་བོད་གཞུང་གི་གསར་ཁང་ཉ་ཉོག་ཚོ་གཙོའི་གྲངས་ཀ་ལས་སྤུས་ཀ་ཁྱོན་ནས་མེད་པའི་གསར་ཁང་ཚང་མ་མེད་སོང་ན་འགྲིག་གི་རེད།

  2. ཉེན་ཁ་དང་གནས་ཚུལ་མ་ལེགས་པ་ཞིག་ཡོད་པ་ཤེས་མ་ཐག་ལམ་སེང་ཉེན་རྟོག་པ་ལ་ཡར་ཞུ་བྱེད་དགོས།
    ཉེན་རྟོག་པ་ཚོས་འགན་འཁྲི་འཁུར་མིན་གནས་ཚུལ་ཁ་ཁ་རེད། བུ་མོ་དེས་ཅུང་ལྷོད་ཡང་བྱས་འདུག།
    ཡིན་ཡང་འབར་གས་མ་བྱུང་དང་མོ་ལ་ངན་ཁག་མ་རག་པ་དེ་ཡག་པོ་བྱུང་འདུག

  3. གསར་འགྱུར་གསལ་གསལ་ཐང་ཐང་།།
    སེམས་ལ་གསལ་བོར་ངེས་བྱུང་།
    རྒྱུ་སྐར་ཁྲོད་ཀྱི་ཟླ་བ།།
    བོད་ཀྱི་དུས་བབ་ཡིན་སོང་།།