རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀར་ཨ་རིའི་གྲོས་ཚོགས་འཐུས་མིའི་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟཊ་ཐོབ།

བོད་ཀྱི་རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་ལགས་ཀྱིས་ལོ་མང་རིང་ཨ་རིའི་གཙོས་སྤྱི་ཚོགས་འདྲ་མིན་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཏེ་ཕན་ཐོགས་ཆེན་པོ་བྱུང་བར་ཨ་རིའི་གྲོས་ཚོགས་འཐུས་མིའི་ཆེད་བསྟོད་གཟེངས་རྟགས་ཐོབ་ཡོད་འདུགཉེ་སྔོན་སྤྲུལ་སྐུ་ཡེ་ཤེས་སམ་རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་ལགས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་ལོ་སི་ཁོ་རེ་ཡ་(Luis Correa ) ལགས་ཀྱིས་མཚམས་སྦྱོར་གནང་བ་བརྒྱུད། ཨ་རིའི་གྲོས་ཚོགས་འཐུས་མིའི་མཚན་གནས་དང་འབྲེལ་བའི་ཆོས་ལུགས་ལ་བརྟེན་པའི་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་ཤིག་ཐོབ་ཡོད་པ་དང་། འདི་གའི་གསར་འགོད་པས་ཁོང་རྩོམ་པ་པོ་ཞིག་ནས་སེམས་ཀྱི་ཞི་བདེ་ཁྱབ་སྤེལ་གྱི་སྤྱི་ཚོགས་ཞབས་ཞུ་བ་ཞིག་ཏུ་གྱུར་བའི་མྱོང་ཚོར་ཅི་བྱུང་དྲིས་པར། སྒྱུ་རྩལ་རྩོམ་རིག་ཟེར་བ་དེ་མཛེས་སྡུག་ལྡན་པའི་རིག་གཞུང་ཞིག་ཡིན་པ་དང་། རིག་གཞུང་དེ་ལ་བརྟེན་ནས་ཁོང་ལ་སེམས་ཁམས་སུ་ཞི་བདེ་དང་གུ་ཡངས་སྐྲུན་ཐུབ་པར་ཧ་ཅང་གི་ཆ་རྐྱེན་ཆེན་པོ་ཞིག་དང་ཐུན་མོང་མ་ཡིན་པའི་ནུས་པ་ཞིག་འདུག་ཅེས་བརྗོད་བྱུང་།

རྩོམ་པ་པོ་སྤྲུལ་སྐུ་ཡེ་ཤེས་ལགས་འདས་པའི་ལོ་ངོ་༡༥ ལྷག་གི་རིང་ལ་ཨ་རིའི་ས་ཕྱོགས་གང་སར་ཕེབས་ཏེ་ནང་བསྟན་ཆོས་ལུགས་དང་བོད་ཀྱི་སྲོལ་རྒྱུན་ཡ་རབས་བཟང་སྤྱོད་དང་རྒན་བཀུར་གཞོན་བྱམས། བསམ་བློ་གུ་ཡངས་སོགས་རྨང་གཞིར་བཞག་ནས་མི་རིགས་འདྲ་མིན་གྱི་རྒན་དར་གཞོན་གསུམ་མང་པོ་ཞིག་ལ་སློབ་སྟོན་གྱི་སྤྱི་ཚོགས་ཞབས་ཞུ་ཞུས་ཡོད་པ་དང་། ཁོང་གིས་དེ་སྔ་(Tibetan Zen)ཞེས་པའི་དེབ་ཆུང་ཞིག་བརྩམས་ཡོད་པ་དང་། དེབ་དེའི་ནང་མི་རྣམས་ཞོགས་པ་ཡར་ལངས་པ་ནས་དགོང་དྲོར་མར་མ་ཉལ་བར་གྱི་འགྲོ་འདུག་སྤྱོད་གསུམ་སྒོམ་སྒྲུབ་ནང་དུ་ཡོད་པ་དང་། ལྷག་པར་དུ་སེམས་པ་ཞི་བདེ་དང་གུ་ཡངས་ཀྱི་ངང་ནས་གདོང་ལེན་ཐུབ་པའི་སྒོམ་གྱི་སྐོར་བྲིས་གནང་ཡོད་པ་དང་། ཁོང་གང་དུ་ཕེབས་ཀྱང་དེབ་དེ་དང་འབྲེལ་ནས་སློབ་འཁྲིད་བྱེད་ཀྱི་ཡོད་འདུག ཁོང་གིས་ནང་པ་མ་ཡིན་པའི་ཨ་རིའི་སྤྱི་ཚོགས་སུ་འཇིག་རྟེན་གྱི་གནས་ལུགས་ངོ་སྤྲོད་དང་འཇིག་རྟེན་གྱི་གནས་ལུགས་རྟོགས་ན་སེམས་ལ་ཞི་བདེ་ཡོང་བ་རེད་ཅེས་པ་གཞིར་བཞག་གིས་ལམ་སྟོན་གནང་གི་ཡོད་པ་དང་། ཨ་རིའི་ནང་པ་ཚོར་སེམས་ཀྱི་གནས་ལུགས་རྟོགས་ན་སངས་རྒྱས་ཡིན་ཞེས་སེམས་ཀྱི་ཞི་བདེ་འཚོལ་ཐབས་སུ་སྒོམ་གྱི་སྐོར་ངོ་སྤྲོད་གནང་ཡོད་པ་དང་།  ཁོང་གིས་སློབ་སྟོན་ཞབས་ཞུ་ཞུ་ས་གཙོ་བོ་ནི་རྒས་གསོ་ཁང་གི་རྒན་འཁོགས་དང་། སྨན་ཁང་གི་ནད་པ། སློབ་གྲྭའི་སློབ་མ། སྲང་ལམ་གྱི་འཁྱམ་པོ། དམག་ས་ནས་ཕྱིར་ལོག་པའི་དམག་ཟུར། བཙོན་ཁང་གི་བཙོན་པ་བཅས་སེམས་ཀྱི་སྡུག་བསྔལ་དང་འཚོ་བའི་གནས་སྟངས་མི་འདྲ་བ་མང་པོ་ཞིག་ལ་སེམས་ཀྱི་ཞི་བདེའི་སྐོར་ནས་སློབ་སྟོན་གནང་སྟེ་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག

སྤྱི་ཚོགས་ཞབས་ཞུའི་ལས་རིགས་ལ་བརྟེན་ནས་ཁོང་རང་ཉིད་ལ་སྔར་དང་མི་འདྲ་བའི་ཕན་ཐོགས་བྱུང་བའི་སྐོར་ནས་ཁོང་གིས། སྤྱི་ཚོགས་ཞབས་ཞུའི་ལས་རིགས་འདི་ལ་བརྟེན་ནས་ང་རང་ལ་མཚོན་ན་སེམས་ཁམས་ཞི་བདེ་གོང་འཕེལ་དང་དེའི་སྐོར་གྱི་ཤེས་ཡོན་ཡར་རྒྱས་སུ་ཕྱིན་པ་དང་། མི་མང་པོ་ཞིག་གིས་ང་ལ་རོགས་སྐྱོར་དང་རྒྱབ་སྐོར་བྱེད་པ་ཡང་ཇེ་མང་དུ་སོང་སྟེ། རང་ཉིད་ཀྱི་སེམས་ཤུགས་དེ་ཡང་ཇེ་མཐོར་ཕྱིན་སོང་། ལྷག་པར་དུ་མི་མང་པོ་ཞིག་གིས་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་གི་ལག་ཆ་དེའི་ཕན་ཡོན་དང་དགེ་མཚན་ཤེས་རྟོགས་བྱུང་བ། དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་གྱི་སྙིང་པོ་འགྲོ་བ་མི་ཞིག་ཡིན་ན་བྱམས་བརྩེ་དང་ཤེས་ཡོན་ཟུང་འབྲེལ་བྱེད་དགོས་གསུངས་པ་དེ་རྨང་གཞི་ལ་བཞག་ནས་སྤྱི་ཚོགས་ཞབས་ཞུ་ཞུས་པ་ཡིན། དེའི་སྒང་ལ་འདས་པའི་ལོ་ཁ་ཤས་རིང་ལ་ཁོང་ཉིད་ཀྱི་བཀའ་སློབ་གསར་པ་ཞིག་སྟེ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཞེས་པ་ཞིག་གསུངས་པ་ལྟར། ང་རང་ལྟ་བུར་མཚོན་ན་ཁོང་གི་བཀའ་སློབ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཞེས་པ་དེ་ཤུགས་ཆེན་པོ་བཤད་པ་ཡིན་ལ་ཕན་ཐོགས་ཆེན་པོ་བྱུང་སོང་། ཞེས་བརྗོད་བྱུང་།

ཆོས་ལུགས་དང་རིག་གཞུང་སོགས་ཀྱི་ཐད་ནས་ཁྱད་པར་ཆེན་པོ་ཡོད་པའི་ཨ་རིའི་སྤྱི་ཚོགས་ནང་སློབ་སྟོན་ཞབས་ཞུ་ག་འདྲ་གནང་གི་ཡོད་པའི་སྐོར་ནས་ཁོང་གིས། ང་རང་གིས་ནམ་རྒྱུན་བཤད་བསྡད་ཡོད་པ་དེ་ནི། ང་ཚོ་འགྲོ་བ་མི་ཞེས་པ་དེ་སྐྱེས་ནས་བཟུང་སྟེ་དུད་འགྲོ་སྲོག་ཆགས་སྤྱི་མཚུངས་ལྟར་ཨ་མ་དང་ཡང་ན་ཕ་མ་ནས་བརྒྱུད་པའི་བྱམས་བརྩེ་ལ་བརྟེན་ཡོད་པ་རེད། བྱམས་བརྩེ་དེ་ནི་ཆོས་ལུགས་ལ་མ་བརྟེན་པའི་བྱམས་བརྩེ་ཞིག་ཡིན་པ་དང་ཐུན་མོང་གི་ལྷན་སྐྱེས་གཤིས་ཀ་ཞིག་གི་སྟེང་ནས་ཡོང་པའི་ཆོས་ལུགས་ལྟ་བུ་ཞིག་རེད། ཁྱད་པར་དུ་ཆོས་ལུགས་ཟེར་ན་མ་ཟེར་ན་ཡང་མི་ཞིག་ལ་མཚོན་ན་ཨ་མ་ལས་བྱུང་བའི་བྱམས་བརྩེ་དེ་ཐོབ་པ་ཡིན་ན། ཆོས་ལུགས་ཞེས་པ་ཞིག་དགོས་པ་མ་རེད་ཅེས་བཤད་ཀྱི་ཡོད་ལ། ངས་མུ་མཐུད་དེ་གལ་ཆེན་པོ་རེད་ཅེས་བཤད་ཀྱི་ཡོད། རྒྱ་མཚན་ཆོས་ལུགས་ཟེར་བ་དེ་མཚམས་མཚམས་སུ་མགོ་རྙོག་ཚ་བོ་དང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ལ་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་པས། དེ་ལས་ཆོས་ལུགས་ཞེས་པ་མེད་པ་ཡིན་ན་ཡག་པོ་དང་བྱམས་བརྩེ་གཅིག་པོ་ལ་བརྟེན་ནས་འཚོ་ཐུབ་པ་ཡིན་ན་ཡག་པོ་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་ལ། གཞི་རྩའི་ཆ་ནས་ཨ་རིའི་སྤྱི་ཚོགས་དང་ནུབ་ཕྱོགས་སྤྱི་ཚོགས་ཀྱི་མི་ཕལ་མོ་ཆེ་ཤེས་ཡོན་ཅན་དང་སློབ་གྲྭ་མཐོ་འབྲིང་མཐར་ཕྱིན་ཡོད་པའི་སྤྱི་ཚོགས་ཤིག་ཡིན་དུས། ང་རང་གི་དེབ་ཆུང་དེ་ཕར་ལ་སྤྲད་པ་ཡིན་ན་རེད། སེམས་ཀྱི་གནས་ལུགས་སྐོར་ནས་སྐད་ཆ་བཤད་པ་དང་སྒོམ་སྒྲུབ་བྱས་པ་ཡིན་ན་འབྲས་བུ་ཐོན་པའི་མྱུར་ཚད་མགྱོགས་པོ་ཡིན་པ་དེ་འདྲ་རེད། ཡིན་ན་ཡང་། མི་ཆ་ཚང་དེ་འདྲ་མ་ཡིན་པར་ཁ་ཤས་ལ་ལོ་དང་ཟླ་བ་མང་པོ་དགོས་པ་དེ་འདྲའང་འདུག ཅེས་བརྗོད་བྱུང་།

ཨ་རིའི་གྲོས་ཚོགས་ཀྱི་གཟེངས་རྟགས་དེ་ག་འདྲ་ཐོབ་ཀྱི་ཡོད་སྐོར་དྲིས་པར་ཁོང་གིས།  གཟེངས་རྟགས་དེ་ཨ་རིའི་གྲོས་ཚོགས་འཐུས་མིའི་མཚན་གནས་དང་ལྡན་པའི་གཟེངས་རྟགས་ཤིག་ཡིན་པ་དང་། གཟེངས་རྟགས་དེ་ལེན་པར་ཨ་རིའི་གྲོས་ཚོགས་ནང་ལ་འགྲོ་དགོས་པ་ཞིག་རེད་མི་འདུག ཨ་རིའི་གྲོས་ཚོགས་འཐུས་མི་ཁོ་རང་ཚོའི་ངོས་ནས་སྤྱི་ཚོགས་ཞབས་ཞུ་ཞུ་མཁན་ཁྲོད་ཀྱི་གཟེངས་སུ་ཐོན་པ་ཚོར་སྤྲོད་ཆོག་པ་ཞིག་རེད་ལ། གཞི་རྩའི་ཆ་ནས་ཁོ་རང་ཚོ་ཨ་རིའི་གྲོས་ཚོགས་ཀྱི་ཚབ་མཚོན་པ་ཡིན་དུས་ཁོ་རང་ཚོའི་ངོས་ནས་གཟེངས་རྟགས་དེ་གནང་ཆོག་པ་ཞིག་རེད་འདུག  དཔེར་ན། ཨ་རིའི་སྤྱི་ཚོགས་ཁྲོད་དུ་སློབ་གྲྭའི་ནང་གི་སློབ་ཕྲུག་རྩེ་ཕུད་དེ་ཚོར་ཨ་རིའི་སྲིད་འཛིན་གྱི་མཚན་གནས་དང་འབྲེལ་བའི་བྱ་དགའ་གནང་སྲོལ་ཡོད་ན་ཡང་། བྱ་དགའ་དེ་ལེན་པར་ཨ་རིའི་ཕོ་བྲང་དཀར་པོར་འགྲོ་མི་དགོས་པར་ས་གནས་ལས་ཁུངས་ནས་མར་གནང་བཞག་ན་འགྲིག་པ་ཞིག་རེད་འདུག ད་ཐེངས་ང་ལ་གནང་པའི་ཆེ་བསྟོད་གཟེངས་རྟགས་དེ་ཡང་དེ་འདྲ་ཞིག་རེད། ང་རང་བོད་པ་ཞིག་དང་ནང་པ་ཞིག་ཡིན་པའི་ངོས་ནས་དེ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ངས་མུ་མཐུད་ཨ་རིའི་སྤྱི་ཚོགས་ལ་ཞབས་ཞུ་ཞུ་རྒྱུའི་ལྷག་བསམ་དང་སྤོབས་པ་ཁུར་ཡོད། ཅེས་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས་ཁྱོད་རང་རྩོམ་པ་པོ་ཞིག་ནས་གཟེངས་སུ་ཐོན་པའི་སྤྱི་ཚོགས་ཞབས་ཞུ་བ་ཞིག་ཏུ་གྱུར་བ་དེར་ཚོར་སྣང་ག་རེ་བྱུང་ཞེས་དྲིས་པར། ང་རང་ལ་མཚོན་ན་བོད་ཕྱི་ནང་གཉིས་སུ་རྩོམ་ཡིག་བྲིས་ནས་ཡོང་བ་དང་མི་ཚེ་ཕྱེད་ཀའམ་འདས་པའི་མི་ལོ་ ༢༥ ལྷག་ཅིག་སྒྱུ་རྩལ་རྩོམ་རིག་ལ་བསྟུན་ནས་ཡོང་བའི་མི་ཞིག་རེད། སྒྱུ་རྩལ་རྩོམ་རིག་ཟེར་བ་དེ་མཛེས་སྡུག་ལྡན་པའི་རིག་གཞུང་ཞིག་རེད། རིག་གཞུང་དེ་ལ་བརྟེན་ནས་ང་རང་ལ་མཚོན་ན་རང་ཉིད་ཀྱི་སེམས་ཁམས་ལ་ཞི་བདེ་དང་གུ་ཡངས་སྐྲུན་ཐུབ་པ་ལ་ཧ་ཅང་གི་ཆ་རྐྱེན་ཆེན་པོ་ཞིག་དང་ཐུན་མོང་མ་ཡིན་པའི་ནུས་པ་ཞིག་འདུག  དེའི་རྐྱེན་གྱིས་ང་རང་ད་ལྟ་བར་དུ་སྤྱི་ཚོགས་དང་འཇིག་རྟེན་འདི་ནས་གནས་ཐུབ་སོང་བ་དང་སྤྱི་ཚོགས་ལ་ཞབས་ཞུ་ཞུ་ཐུབ་པ་དེ། ཕྱོགས་གཅིག་ནས་བསམ་ན་སྒྱུ་རྩལ་རྩོམ་རིག་གི་རྐྱེན་གྱིས་ཡིན་པ་རེད་བསམ་ཡོད། ངས་སྒྱུ་རྩལ་རྩོམ་རིག་འབྲི་མཚམས་བཞག་མེད་ལ། དེ་བཞིན་ངའི་གྲོགས་པོ་ཚོ་དང་། ང་དང་ན་ཚོད་གཅིག་པ། ང་དང་ལྟ་གྲུབ་གཅིག་པ། ང་དང་ལས་རིགས་གཅིག་པ་མང་པོ་ཞིག་གིས་ཕལ་ཆེར་སྒྱུ་རྩལ་རྩོམ་རིག་གི་ཕྱོགས་ནས་སྨྱུ་གུ་གཡུག་མཚམས་བཞག་ཚར་བ་རེད། ཁྱད་པར་དུ་བོད་ཕྱི་ལོགས་ན་ཡོད་པའི་མང་པོ་ཞིག་གིས་སྨྱུ་གུ་གཡུགས་ཚར་བ་རེད། ང་རང་ལ་མཚོན་ན་མ་ཤི་བར་དུ་སྒྱུ་རྩལ་རྩོམ་རིག་འབྲི་བའི་སྨྱུ་གུ་འདི་ཐང་ལ་མི་གཡུག་པའི་དམ་བཅའ་ཡོད། ཅེས་བརྗོད་བྱུང་།

སྤྲུལ་སྐུ་ཡེ་ཤེས་རིན་པོ་ཆེ་ནི་བོད་མདོ་སྨད་མཚོ་སྔོན་དུ་ཕྱི་ལོ་༡༩༦༩ ལོར་སྐྱེས་ཤིང་། ཆུང་དུས་ནས་སློབ་ཆུང་འགྲིམས་ཤིང་སློབ་མཐར་ཕྱིན་རྗེས་དགོན་པར་ཆོས་ཞུགས་ཀྱིས་ལཱ་མོ་ཡོངས་འཛིན་རིན་པོ་ཆེ་དང་། དགེ་བཤེས་བྱམས་པ་འཕྲིན་ལས་ཀྱི་མདུན་ནས་ལོ་བཅུའི་རིང་བོད་ཀྱི་རིག་གནས་ཆེ་ཆུང་མང་པོར་སློབ་གཉེར་གནང་།  བོད་ནང་དུ་རྩོམ་རིག་དུས་དེབ་སྦྲང་ཆར་སོགས་དུས་དེབ་ཚད་ལྡན་མང་པོ་དང་མཚོ་སྔོན་བོད་ཡིག་གསར་འགྱུར་དང་བོད་ལྗོངས་ཉིན་རེའི་ཚགས་པར་སོགས་ཀྱི་སྟེང་དུ་བོད་མིའི་འཚོ་བ་མཚོན་པའི་བརྩམས་ཆོས་མང་པོ་སྤེལ་ཏེ་ཞིང་ཆེན་རིམ་པའི་རྩོམ་རིག་བྱ་དགའ་ཡང་ཐེངས་གསུམ་ལ་ཐོབ། ཕྱི་ལོ་ ༡༩༩༤ ལོར་ཉིན་བཅུ་བདུན་རིང་རི་བོ་ཧི་མ་ལ་ཡ་བརྒལ་ནས་བཙན་བྱོལ་དུ་འབྱོར། སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། ས་སྐྱ་བདག་ཆེན་རིན་པོ་ཆེ་དང་ས་སྐྱའི་ཁྲི་ཆེན་རིན་པོ་ཆེ། རྒྱལ་དབང་ཀརྨ་པ་དང་དགའ་ལྡན་ཁྲི་པ་བློ་བཟང་ཉི་མ་སོགས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་སྐྱེས་ཆེན་དམ་པ་མང་པོ་ལས་མདོ་དང་སྔགས་ཀྱི་བཀའ་ཆོས་མང་པོ་ཞུས། ཕྱི་ལོ་༢༠༠༡ ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་ཏེ་བདག་ཅག་གི་སྟོན་པའི་འཁྲུངས་སྐར་ཉིན་ཤིས་ཤོག་གཏོང་བའི་ལམ་སྲོལ་གཏོད། དེ་བཞིན་རྒྱ་གར་དང་བལ་ཡུལ་དུ་བོད་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་གཞོན་སྐྱེས་མང་པོར་བོད་ཀྱི་ཆོས་དང་རིག་གནས་དཔེ་ཁྲིད་གནང་བ་དང་།  བལ་ཡུལ་དུ་གཉན་ཆེན་ཐང་ལྷ་ཞེས་པའི་བོད་ཡིག་གསར་ཤོག་གི་རྩོམ་སྒྲིག་པའི་འགན་ལོ་མང་འཁུར་གནང་ཡོད་འདུག

ཕྱི་ལོ་༢༠༠༢ ལོའི་ལོ་མཇུག་ཏུ་ཨ་མེ་རི་ཀའི་ཝ་ཤིང་ཊོན་མངའ་སྡེའི་སེ་ཨ་ཀྲལ་ས་གནས་སུ་འབྱོར་ཏེ། འདས་པའི་ལོ་ངོ་བཅོ་ལྔའི་རིང་ས་གནས་དེའི་བོད་རིགས་བྱིས་པ་ཚོར་བོད་ཀྱི་སྐད་ཡིག་དང་ནང་ཆོས་ངོ་སྤྲོད་གནང་བཞིན་ཡོད་པ་མ་ཟད། ཧེ་རུ་ཀའི་ཆོས་ཚོགས་ལྟེ་བ་དང་དེའི་ཡན་ལག་ཁག ད་དུང་འཁྲུལ་ཞིག་གླིང་དང་བྱམས་བརྩེ་གླིང་སོགས་གསར་འཛུགས་གནང་ཡོད་པ་དང་། ཕྱི་ལོ་༢༠༠༥ ལོ་ནས་བཟུང་ནུབ་ཕྱོགས་ཨ་རི་བ་ཚོར་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་བྱེད་མགོ་བརྩམས་ཏེ། ཨ་རིའི་སེ་ཨ་ཀྲལ་དང་ཕོར་ཁྲི་ལན། ཨ་ལ་སི་ཀ མོན་ཁྲ་ན། ཁོ་ལོ་ར་སྒྲོ། ཨེ་རི་ཛོ་ན། ཁེན་ས་སི། མེ་ནེ་སོ་ཀྲ། ཁ་ལིར་ཕོར་ནི་ཡ། ཧ་ཝ་ཡུའུ། ཁེ་ན་སྒྲའི་ཝེན་ཁོ་ཝེར་དང་ཁྲོ་རེན་ཁྲོ། ཤར་ཕྱོགས་ཝི་ཏི་ནམ་རྒྱལ་ཁབ་སོགས་སུ་མི་རིགས་འདྲ་མིན་མང་པོར་བོད་ཀྱི་ཆོས་དང་རིག་གཞུང་སློབ་ཁྲིད་གནང་། གཞན་ཡང་།  ཨ་རིའི་ན་གཞོན་མང་པོ་ཞིག་གིས་སྤྱི་ཚོགས་དང་གོམས་གཤིས་ངན་པའི་གནོན་ཤུགས་སོགས་མ་བཟོད་པར་སེམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་མ་ཐུབ་པར་རང་སྲོག་གཅོད་རྩིས་བྱས་པ་མང་པོ་ཞིག་ལ་ཁོང་གིས་སེམས་ཀྱི་ཞི་བདེའི་སྐོར་ངོ་སྤྲོད་གནང་སྟེ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། ཨ་རིའི་བུ་མོ་རྐྱང་བའི་སློབ་གྲྭ་ཁག་ཏུ་ཨ་མའི་བྱམས་བརྩེ་དང་བུ་ཕྲུག་གི་མི་ཚེའི་བདེ་སྐྱིད་དང་འབྲེལ་བའི་སློབ་སྟོན་རྒྱ་ཆེ་གནང་བཞིན་ཡོད་འདུག

ཁོང་གིས་ད་ལྟ་བར་དུ་བོད་ཡིག་ནང་དུ་ལཱ་མོའི་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་དང་ས་སྐྱའི་བདག་ཆེན་གྱི་རྣམ་ཐར་སོགས་རྣམ་ཐར་ཁག་ཅིག་དང་། ཤམ་བྷ་ལའི་དུད་སྤྲིན་དང་ཟང་ཟིང་གི་འཇིག་རྟེན་སོགས་སྒྱུ་རྩལ་རྩོམ་རིག་གི་དེབ་བཅུ་གསུམ་དཔར་སྐྲུན་གནང་ཡོད་པ་དང་། དེ་བཞིན། དབྱིན་ཡིག་ནང་དུ་འབྲོག་བླ་ཞིག་གི་མི་ཚེ་དང་བོད་ཀྱི་ཟེན། སངས་རྒྱས་ཕྱེད་ཀའི་ལག་དེབ་དང་དྲི་ལན་བརྒྱ་དང་བརྒྱད་བཅས་དེབ་བཞི་པར་སྐྲུན་གནང་ཡོད་པ་དང་། ད་ལྟ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དང་མཉམ་འབྲེལ་གྱིས་ཤོག་ངོས་གཅིག་སྟོང་ཙམ་ཡོད་པའི་ཁོང་གི་མི་ཚེའི་ལོ་རྒྱུས་ཉི་མ་སྟོང་གི་ཉིན་ཐོ་ཞེས་པ་ཞིག་རྩོམ་སྒྲིག་གནང་གི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༠༣

Leave a Reply

8 thoughts on “རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀར་ཨ་རིའི་གྲོས་ཚོགས་འཐུས་མིའི་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟཊ་ཐོབ།

  1. གཞུང་པ་ཚེ་དབང་བསོད་ནམས་

    ནང་པ་སངས་རྒྱས་པའི་ཆོས་ལུགས་ནས་ངོ་སྤྲད་པའི་བཟང་སྤྱོད་དང་ཆོས་ལུགས་གཞན་ནས་ངོ་སྤྲད་པའི་བཟང་སྤྱོད་གཉིས་ནམ་ཡང་ནོར་མི་ཉན་ལ་ཆོས་ལུགས་ལ་མ་བསྟེན་པའི་དེང་རབས་མིའི་སྤྱི་ཚོགས་གསར་པའི་བཟང་སྤྱོད་དང་སྔ་མོ་སངས་རྒྱས་ཞལ་བཞུགས་པའི་སྐབས་ཀྱི་ནང་ཆོས་ཀྱི་བསྟན་པའི་བཟང་སྤྱོད་གཉིས་གནམ་ས་ལྟབུའི་ཁྱད་པར་ཡོད་ན་དེ་ཡང་ནོར་མི་ཉན་།

  2. དགྲ་ལས་རྣམ་རྒྱལ།

    རིན་པོ་ཆེར་སྔོན་ཆེད་དེ་ཙམ་མ་གུས། དངོས་ནས་འཇོན་ཐང་འདུག ཡི་རང་ཡོད། སྔོན་མ་གུས་པ་ལ་བཟོད་པར་ཞུ། འགྱོད་བཤགས།