སློབ་ཕྲུག་བུ་མོ་ ༡༡༠ འཛིན་བཟུང་བཙན་འཁྲིད་བྱས།

ནེ་ཇི་རེ་ཡའི་ནང་སླར་ཡང་སློབ་ཕྲུག་བུ་མོ་ ༡༡༠ འཛིན་བཟུང་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། གཞུང་གིས་ནང་ཁུལ་དུ་ནོར་འཁྲུལ་གྱི་འོས་འགན་སུ་ལ་ཡོད་མེད་བརྩད་དེ་ས་ཁུལ་དེར་ད་དུང་ཡང་སྲུང་སྐྱོབ་ལྷོད་ཡངས་སུ་བཞག་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་ནུབ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ནེ་ཇི་རེ་ཡའི་དྲིལ་བསྒྲགས་ལྷན་ཁང་གིས།  ཉེ་སྔོན་བྷོ་ཁོ་ཧ་རམ་(Boko Haram)ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པས་བྱང་ཤར་མངའ་སྡེ་ཡོ་བྷེ་(Yobe)ཞེས་པར་གཞུང་གི་བུ་མོའི་མཐོ་སློབ་ཞིག་ཏུ་དྲག་རྒོལ་བྱས་རྗེས།  སློབ་ཕྲུག་བུ་མོ་ ༡༡༠ འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་བསྒྲགས་ཡོད་སྟབས།  ད་ལྟ་སློབ་ཕྲུག་ཚོའི་ཕ་མ་རྣམས་ཀྱིས་གཞུང་ངོས་ནས་མགྱོགས་མྱུར་ངང་སྐྱོབ་ཐབས་མ་བྱས་ཚེ་སློབ་ཕྲུག་ཚོའི་གནས་སྟངས་བདེ་འཇགས་མིན་སྐོར་བཤད་དེ་ངོ་རྒོལ་བྱེད་བཞིན་ཡོད་འདུག

ནེ་ཇི་རེ་ཡའི་སྲིད་འཛིན་མོ་ཧ་མ་ཌོ་བྷོ་ཧ་རེ་(Muhammadu Buhari)ལགས་ཀྱིས།  སློབ་ཕྲུག་འཛིན་བཟུང་བཙན་འཁྲིད་བྱེད་པ་ནི་རྒྱལ་ཁབ་ཀྱི་དཀའ་ངལ་ཞིག་ཡིན་པར་བརྟེན། ང་ཚོས་དཀའ་ངལ་དེ་རང་སོར་འཇོག་གི་མིན་པ་མ་ཟད།  སློབ་ཕྲུག་ཚོའི་ཕ་མ་རྣམས་ལའང་བཟོད་བསྲན་གནང་རོགས་ཞུ་རྒྱུ་ཡིན།  ཞེས་བརྗོད་ཡོད་པ་དང་། བཙན་འཁྲིད་འོག་ཡོད་པའི་ལོ་ན་ ༡༤ ཅན་གྱི་སློབ་ཕྲུག་ཞིག་གི་ཕ་ག་ཅ་ལ་བྷོ་ཁར་(Kachalla Bukar)ཟེར་བ་ཞིག་གིས། ང་ཚོའི་བྱིས་པ་ཚོ་འཇིགས་སྐུལ་དྲག་སྤྱོད་པའི་ལག་ཏུ་ཡུན་རིང་བཞག་ཚེ། ཁོ་ཚོར་གནས་ཚུལ་གང་ཡང་འབྱུང་སྲིད་སྟབས། གཞུང་ངོས་ནས་མགྱོགས་མྱུར་སྐྱོབ་ཐབས་བྱེད་དགོས་ཡོད། ཅེས་རེ་སྐུལ་བཏོན་ཡོད་འདུག

ཐེངས་འདིའི་སློབ་ཕྲུག་བཙན་འཁྲིད་ཀྱི་གནད་དོན་དེ། མི་མང་པོ་ཞིག་གིས་ད་ལྟ་ད་དུང་ཡང་ས་ཁུལ་དེར་སྲུང་སྐྱོབ་ལྷོད་ཡངས་སུ་བཞག་ཡོད་པའི་རྒྱུ་མཚན་གཞིར་བཟུང་ཐོག་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། ནེ་ཇི་རེ་ཡའི་དམག་གི་སྤྱི་ཁྱབ་ལས་ཁུངས་ཀྱིས།མངའ་སྡེའི་སྤྱི་ཁྱབ་ཨ་བྷེ་རམ་གྷ་ཌམ་(Ibrahim Gaidam)ལགས་ནས་མངའ་སྡེ་དེའི་མཐའ་ཁུལ་འགོག་སྲུང་ཚང་མ་ཕྱིར་འཐེན་གྱིས་བཀའ་ཁྱབ་བཏང་བ་ལ་བརྟེན་ནས་བྱུང་ཡོད་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༢༠༡༤ ལོར་བྷོ་ཁོ་ཧ་རམ་འཇིགས་སྐུལ་དྲག་སྤྱོད་ཕྱོགས་ཁག་གིས་ནེ་ཇི་རེ་ཡའི་སློབ་ཕྲུག་བུ་མོ་ ༢༧༦ འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་།   སྐབས་དེར་རྒྱལ་སྤྱིའི་བུད་མེད་ཐོབ་ཐང་འཐབ་རྩོད་པ་དང་སློབ་གསོ་དོན་གཉེར་བའི་ཚོགས་སྡེ་ཁག་གིས་སློབ་ཕྲུག་ཚོ་ཀློད་གྲོལ་གཏོང་དགོས་པའི་གནོན་ཤུགས་སྤྲད་ཡོད་སྟབས།  འཇིགས་སྐུལ་དྲག་སྤྱོད་ཕྱོགས་ཁག་དེས་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་གོ་སྒྲིག་འོག་ནེ་ཇེ་རི་ཡའི་གཞུང་དང་ཞི་འགྲིག་བྱས་ཏེ། བཙན་འཁྲིད་འོག་གི་སློབ་ཕྲུག་ ༢༧༦ གཞུང་གི་བཙོན་རྭར་ཡོད་པའི་སོ་སོའི་དམག་མི་ ༡༠༠ ལ་བརྗེ་རེས་བྱས་ཡོད་འདུག

བྷོ་ཁོ་ཧ་རམ་འཇིགས་སྐུལ་དྲག་སྤྱོད་ཕྱོགས་ཁག་དེས་ནེ་ཇི་རེ་ཡའི་གཞུང་ལ་བྱང་ཤར་ཁུལ་དུ་ཁ་ཆེ་མངའ་སྡེ་ཞིག་འཛུགས་དགོས་པའི་དགོས་འདུན་བཏོན་ཏེ།  ཕྱི་ལོ་ ༢༠༠༩ ནས་ད་བར་ནེ་ཇེ་རི་ཡའི་མི་མང་ཁྲི་ ༢ ལྷག་བསད་ཡོད་པ་དང་། མི་ས་ཡ་ ༢ ལྷག་དྲག་གནོན་འོག་རང་ཁྱིམ་བཞག་སྟེ་བྲོས་འགྲོ་དགོས་བྱུང་ཡོད་འདུག

 

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༢/༢༧

Leave a Reply

One thought on “སློབ་ཕྲུག་བུ་མོ་ ༡༡༠ འཛིན་བཟུང་བཙན་འཁྲིད་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཞི་བདེ་མེད་པའི་འཛམ་གླིང་ཆེན་པོ་འདི་།
    ཐམས་བཅས་མི་གི་འདོད་པས་བྱེད་ལས་རག་།
    རང་དོན་སྒྲུབ་པའི་བློ་རྩ་བརྟན་པ་དང་།
    གཞན་སྐྱོན་གླེང་བའི་རིག་པ་གསལ་བའི་འོག་།
    སྤྱི་ཚོགས་ཧྲིལ་པོ་འདོད་པའི་ཆང་གི་མྱོས་།
    དྲང་བདེན་ངོ་སྤྲོད་ཐུབ་པའི་དཔའ་བོ་སུ་།