བོད་མིར་རྒྱ་གར་ཡུལ་མིས་ཐུབ་ཚོད་བཏང་།

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁམས་ཀ་ཐོག་ནང་རྒྱ་གར་ཡུལ་མི་རླངས་འཁོར་གང་ཡོང་སྟེ་གཞིས་གྲོང་དེའི་བོད་མི་ཚོར་གང་བྱུང་དབྱུག་པས་རུབ་རྡུང་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༦ ཉིན་གྱི་དགོང་མོར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཟྰར་མོར་(Sirmaur)རྫོང་སྰ་ཊུན་(Sataun)གྲོང་སྡེའི་ཁམས་ཀ་ཐོག་གཞིས་ཆགས་ནང་བོད་མི་དང་རྒྱ་གར་ཡུལ་མིའི་བར་འཁྲུག་འཛིང་ཤོར་ནས་རྒྱ་གར་ཡུལ་མི་དོས་སྐྱེལ་རླངས་འཁོར་གང་བོད་མིའི་གཞིས་ཆགས་ནང་ཡོང་སྟེ་བོད་མི་ཚོར་གང་བྱུང་རུབ་རྡུང་གིས་བོད་པའི་ཕོ་གསར་བཞི་ལ་རྨས་སྐྱོན་བཟོས་ཏེ་ས་གནས་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ཕོ་གསར་གཅིག་གི་རྐང་ལག་གཉིས་བཅགས་ནས་ད་ལྟ་གནས་སྟངས་ཛ་དྲག་ཆགས་ཡོད་འདུག

འདི་ག་གསར་ཁང་གི་གསར་འགོད་པས། སྰ་ཊུན་གྲོང་སྡེའི་བོད་མིའི་གཞིས་ཆགས་ཀྱི་གཞིས་མགོའི་ལས་ཁུངས་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་སྐབས་ས་འཐུས་བསོད་ནམས་སྒྲོལ་མ་ལགས་ཀྱིས། གནས་ཚུལ་དེའི་བྱུང་རྐྱེན་ཕྱི་ཚེས་༢༥ ཉིན་གྱི་དགོང་མོའི་ཆུ་ཚོད་༡༠ ཡས་མས་ཤིག་ལ་བོད་པའི་ཕོ་གསར་གཉིས་ཚོང་ཁང་ལ་ཟ་མ་ཉོ་རུ་སོང་ཞིང་། རྒྱ་གར་ཕོ་གསར་བཞི་ཚོང་ཁང་ཡོད་ས་དེ་གར་བསྡད་ཡོད་པ་དང་། རྒྱ་གར་ཕོ་གསར་ཚོས་བོད་པའི་ཕོ་གསར་གཉིས་ལ་ག་རེ་བྱེད་ཀྱི་ཡོད་སོགས་དྲིས་པར། བོད་པའི་ཕོ་གསར་ཚོས་ང་ཚོ་ཟ་མ་ཉོ་རུ་ཡོང་བ་ཡིན་ཞེས་བཤད་སྐབས། ཁོ་ཚོར་ག་རེ་བྱས་ནས་བོད་སྐད་བཤད་པ་ཡིན་ཞེས་བརྙས་བསྐོ་ཐབས་བྱས་ཡོད་འདུག་ལ། རྒྱ་གར་ཕོ་གསར་དེ་ཚོས་བོད་པའི་ཕོ་གསར་གཅིག་གི་ལག་མགོར་ཆུ་ཚོད་ཡག་པོ་ཞིག་ཡོད་པ་དེ་སྟོན་དང་སྙིང་རྗེ་མོ་འདུག་ཅེས་ལག་མགོ་ནས་འཕྲོག་བརྩིས་བྱས་སྟབས། ཕན་ཚུན་བར་ཁ་རྩོད་ཤོར་ནས་ལག་འཛིང་བྱེད་མགོ་བརྩམས་ཡོད་པ་དང་། རྒྱ་གར་བ་དེ་ཚོས་བོད་པའི་ཕོ་གསར་དེའི་ལག་མགོའི་ཆུ་ཚོད་འཕྲོག་པ་མ་ཟད། བོད་པའི་ཕོ་གསར་ཚོའི་ཁ་པར་གཉིས་དང་གསེར་གྱི་ལྕགས་ཐག་ཕྲ་མོ་ཞིག་ཡོད་པའང་བོར་བརླག་ཕྱིན་འདུག དེའི་རྗེས་བོད་པའི་ཕོ་གསར་ཚོ་ཕྱིར་གཞིས་གྲོང་ལ་ལོག་ཡོད་ནའང་། རྒྱ་གར་ཕོ་གསར་ཚོས་རླངས་འཁོར་བསྐོར་ནས་བོད་མིའི་གཞིས་གྲོང་ནང་ཡོང་སྟེ་འཁྲུག་འཛིང་བྱས་པ་རེད། དེ་དུས་མཚན་མོ་ཡིན་པས་ང་ཚོ་ཚང་མ་ཉལ་བསྡད་ཡོད་ཅིང་། ཕྱི་ལོགས་ནས་སྐད་ཆེན་པོ་རྒྱག་བཞིན་ཡོད་སྟབས། ང་ཕྱི་ལ་ལྟ་རུ་སོང་བ་ཡིན། སྐབས་དེར་རྒྱ་གར་ཕོ་གསར་ཚོས་བོད་པའི་ཕོ་གསར་གཅིག་ལ་དབྱུག་པས་རུབ་རྡུང་བྱེད་ཀྱིན་འདུག་ལ། གཞིས་མི་ཚོ་ཡོང་ནས་བར་བྱས་ཏེ་རྒྱ་གར་ཕོ་གསར་ཚོ་ཕྱིར་འགྲོ་རུ་བཅུག་སོང་། ཞེས་དང་།

ཡང་མོས་མུ་མཐུད་དགོང་མོ་དེར་བྱུང་བའི་དོན་རྐྱེན་དེ་ངས་དངོས་སུ་མཐོང་ཐོས་བྱུང་མོད། ཕྱི་ཉིན་ཞོགས་པར་བསྐྱར་དུ་ལག་ཆ་ཐོགས་པའི་རྒྱ་གར་བ་དོས་སྐྱེལ་རླངས་འཁོར་གང་བོད་པའི་གཞིས་གྲོང་ནང་འཛུལ་ཡོང་འདུག་ལ། སྐབས་དེར་ང་རང་མེད་ན་ཡང་ལས་རོགས་ཚོས་བཤད་པ་ལྟར་ན། ཉིན་དེར་གཞིས་གྲོང་གི་བོད་མི་ཚོས་ཞོགས་པའི་ཆུ་ཚོད་༡༠:༣༥ སྟེང་ཁོར་ཡུག་གཙང་སྦྲ་བྱེད་ཀྱིན་ཡོད་ཅིང་། རྒྱ་གར་བ་ཚོ་ཡོང་ནས་དེར་ཡོད་བོད་པ་ཚང་མ་རྩ་མེད་བཟོས་ཤོག་ཅེས་གང་བྱུང་དབྱུག་པས་རུབ་རྡུང་བྱས་ཡོད་ཅིང་། དགོང་མོ་དེར་བྱུང་བའི་དོན་རྐྱེན་དང་འབྲེལ་བ་མེད་པའི་དེར་ཡོད་བོད་པའི་ཕོ་གསར་ཚང་མར་རུབ་རྡུང་བྱས་འདུག བོད་པའི་ཕོ་གསར་རང་ལོ་༢༥ ཙམ་ཡིན་པ་ཞིག་རྒྱ་གར་ཚོས་ཁང་པའི་བར་ཁྱམས་ལ་དེད་ནས་རུབ་རྡུང་བྱས་ཏེ་རྐང་པ་དང་ལག་པ་བཅག་ནས་ད་ལྟ་ (Nahan hospital) སྨན་ཁང་ལ་སྐྱེལ་དགོས་བྱུང་ཡོད་པ་རེད། ཕོ་གསར་དེ་དག་གི་མིང་ལ་བཀྲ་ཤིས་རྡོ་རྗེ་དང་ཚེ་རིང་དབང་ཕྱུག དཔལ་ལྡན་རྡོ་རྗེ། རྡོ་རྗེ་རྣམ་རྒྱལ་དང་དེ་དག་གི་ཁྲོད་ནས་རྨས་སྐྱོན་ཚབ་ཆེན་བྱུང་ཡོད་པ་དེ་རྡོ་རྗེ་རྣམ་རྒྱལ་རེད། ཅེས་བརྗོད་བྱུང་།

གཞན་ཡང་འབྲེལ་ཡོད་མིང་བརྗོད་འདོད་མེད་པ་ཞིག་གིས། ད་ལྟ་ང་ཚོས་གནས་སྟངས་དང་གནས་ཚུལ་ཚང་མ་ཉེན་རྟོག་པར་ཡར་ཞུ་བྱས་ཡོད་ལ། དེ་རིང་ཉེན་རྟོག་པས་སྨན་ཁང་དུ་ཡོད་པའི་ཕོ་གསར་གསུམ་ལ་རྟག་དཔྱད་བྱེད་ཀྱིན་འདུག དེ་བཞིན་ཁ་སང་མངའ་སྡེའི་འཐུས་མི་དང་ས་གནས་ཉེན་རྟོག་དཔོན་པོ་གཞོན་པ་སོགས་སྨན་ཁང་དུ་བཅར་ནས་གནས་ཚུལ་ཚང་མར་རྟོག་ཞིབ་བྱས་པ་བརྒྱུད། ཁོ་ཚོས་གནས་སྟངས་གསལ་བོར་ཤེས་རྟོག་བྱུང་ཡོད་པ་རེད། ཡིན་ནའང་དེ་རིང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསར་གནས་རྫུན་མ་འགྲོ་བཞིན་འདུག་པས། ང་ཚོས་གནས་ཚུལ་དེའི་སྐོར་ཁོ་ཚོར་བཤད་པ་ཡིན། ཁོ་ཚོའི་གསར་གནས་ཁག་ལ་ཆ་འཇོག་རྒྱུ་ཡོད་པ་མ་རེད། ཉེན་རྟོག་པས་ཞིབ་འཇུག་ཆ་ཚང་བྱས་ཏེ། གདོང་དང་གདོང་ཐུག་བཅུག་ནས་མཐའ་མའི་ཐག་གཅོད་ཡོང་གི་རེད་ཅེས་གསུངས་སོང་། ཞེས་བརྗོད་བྱུང་།

རྒྱ་གར་གྱི་མཐོང་སྣང་ (Outlook) ཞེས་པའི་གསར་ཁང་གི་གནས་ཚུལ་ལྟར་ན། དོན་རྐྱེན་གྱི་འབྱུང་གཞི་གཙོ་བོ་ཉིན་དེའི་ཕྱི་དྲོར་བོད་པའི་ཕོ་གསར་ཁག་ཅིག་གིས་རྒྱ་གར་ཡུལ་མི་གཉིས་ལ་རུབ་རྡུང་བྱས་ཏེ་ཁོ་གཉིས་ཀྱི་འཕྲུལ་རྟ་བཅག་པ་སོགས་ཀྱི་རྐྱེན་གྱིས་ཡིན་པ་དང་། དེའི་རྗེས་རྒྱ་གར་ཡུལ་མི་ཚོ་བོད་པའི་གཞིས་ཆགས་ནང་སོང་སྟེ་བོད་པའི་ཕོ་གསར་ཁག་ཅིག་ལ་དབྱུག་པས་རུབ་རྡུང་གིས་ཕན་ཚུན་ལག་འཛིང་ཤོར་ཚུལ་དང་། ས་གནས་ཉེན་རྟོག་ཕྱོགས་ནས་དོན་རྐྱེན་དེའི་ཁྲོད་མི་༧ ལ་རྨས་སྐྱོན་ཕོགས་འདུག ཅེས་འཁོད་འདུག

གནས་ཚུལ་གཞན་ཞིག་གི་ནང་གཟའ་འཁོར་ཁ་ཤས་སྔོན་ནས་རྒྱ་གར་བ་དང་བོད་མིའི་བར་མ་འཆམ་པའི་དོན་དག་བྱུང་ཡོད་པ་དང་། རྒྱ་གར་བ་ཚོས་བོད་མི་ཚོར་མཆིལ་མ་འཕེན་པ་སོགས་བྱས་ཏེ། བོད་མི་ཚོས་རྒྱ་གར་ས་གནས་ཡུལ་མི་ཚོས་ང་ཚོར་སུན་བཙེར་དང་བརྙན་བཅོས་བྱེད་ཀྱི་འདུག་ཅེས་ཞུ་གཏུག་བྱས་ཡོད་ཚུལ་དང་།  དེ་བཞིན་ས་གནས་ཉེན་རྟོག་ཕྱོགས་ནས་བོད་མི་དང་རྒྱ་གར་ཡུལ་མིའི་བར་གྱི་འཁྲུག་འཛིང་གི་རྐྱེན་གྱིས་ཡུལ་དེའི་ས་གནས་ཁག་ཅིག་ནང་རྙོག་ཟིང་ལངས་སྲིད་པས། ཉམས་འཇོག་བྱེད་དགོས་པའི་ཉེན་བརྡ་བཏང་འདུག ཅེས་ཀྱང་འཁོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༢༨

Leave a Reply

13 thoughts on “བོད་མིར་རྒྱ་གར་ཡུལ་མིས་ཐུབ་ཚོད་བཏང་།

  1. ཕ་ཡུལ་གངས་ལྗོངས།

    དེ་རིང་དོན་རྐྱེན་འདི་ལ་བརྟེན་ནས་རང་གཞུང་གི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་བཀའ་སློབ་ལམ་སྟོན་དང་ཡུལ་མི་རྣམས་དང་གཞིར་ཆགས་བར་འབྲེལ་ལམ་ཟབ་མོ་བཏང་ཐབས་བྱ་དགོས་པ་གལ་ཆེ།འབྱུང་གྱུར་ལ་དཀའ་ངལ་འདི་རིགས་མི་ཡོང་ཆེད་གཞི་ཁོངས་མི་དམངས་རྣམས་ཟབ་ཟབ་བྱ་རྒྱུ་གལ་ཆེའོ།