ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དབུ་ཚུགས།

ཁ་སང་ཕྱི་ཚེས་ ༢༨ ཉིན་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་དགའ་ལྡན་དང་སེ་ར་འབྲས་སྤུངས་བཅས་སུ་སྔར་སྲོལ་ལྟར་བོད་ཟླ་ ༡ ཚེས་༨ ནས་མགོ་ཚུགས་ཏེ་ཉིན་གྲངས་ ༡༠ རིང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་མགོ་ཚུགས་ཡོད་འདུག

འདི་ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགའ་ལྡན་དང་འབྲས་སྤུངས་དགོན་པ་གཉིས་མཉམ་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུག་ཐོག་གདན་ས་ཆེན་མོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཚོགས་བཞིན་ཡོད་པ་དང་། སེ་ར་དགོན་པར་དགའ་ལྡན་ཁྲི་ཚབ་སེར་སྨད་མཁན་རིན་པོ་ཆེ་དགེ་བཤེས་ངག་དབང་འབྱོར་ལྡན་མཆོག་དབུ་བཞུགས་ཀྱིས་འཚོགས་བཞིན་ཡོད་འདུག

ད་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་རིང་ཉིན་ལྟར་དགེ་བཤེས་ལྷ་རམས་པའི་མཚན་ཉིད་དམ་བཅའ་དང་། གཞུང་ཀ་པོད་ལྔའི་མཚན་རྩོད་པའི་བགྲོ་གླེང་། སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་དྲིན་རྗེས་དྲན་ཆེད་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་སྟོན་པའི་རྣམ་ཐར་སྐྱེས་རབས་གསུང་ཆོས་གནང་རྒྱུ་དང་སྐམ་ཚོགས་སྨོན་ལམ་གསུངས་རྒྱུ་ཡིན་པ་དང་། དེ་བཞིན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་རིང་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་ཕྱིར་དང་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་ཞུ་རྒྱུ་ཡིན་འདུག

གཞན་ཡང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་བསྟུན་གདན་ས་ཁག་ཏུ་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་གནང་མཁན་སེར་ར་ཐེག་ཆེན་གླིང་ནས་དགེ་བཤེས་ལྷ་རམས་པ་༣༧ བྱུང་ཡོད་པ་དང་གདན་ས་གསུམ་ནས་ཁྱོན་དགེ་བཤེས་ལྷ་རམས་པ་༡༠༠ ཙམ་ཞིག་བྱུང་ཡོད་འདུག

ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་བོད་ནང་ཐོག་མར་རྗེ་ཙོང་ཁ་པ་ཆེན་པོས་ཕྱི་ལོ་ ༡༤༠༩ ལོར་ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་གསར་འཛུགས་གནང་བ་ནས་བཟུང་ལོ་ལྟར་གདན་ས་སེ་འབྲས་དགེ་གསུམ་གྱི་དགེ་འདུན་པ་རྣམས་མཉམ་དུ་ཚོགས་སྲོལ་བྱུང་བ་དང་། ཐོག་མའི་དུས་ཡུན་ནི་བོད་ཟླ་དང་པོའི་ཚེས་ ༡ ནས་ ༡༦ བར་ཚོགས་སྲོལ་ཡོད་པ་དང། དེ་རྗེས་ཕྱི་ལོ་ ༡༦༡༤ ལོར་པན་ཆེན་སྐུ་ཕྲེང་བཞི་པ་པན་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས་གདན་ས་སེ་འབྲས་དགེ་གསུམ་ནས་གཞུང་ཆེན་ཀ་པོད་ལྔའི་ཐོག་སྦྱང་པ་མཐར་ཕྱིན་པའི་མཁས་པ་རྣམས་དགེ་བཤེས་ལྷ་རམས་པའི་རྒྱུགས་སྤྲོད་ཀྱི་དམ་བཅའ་འཇོག་པའི་ལམ་སྲོལ་གཏོད་ཡོད་པ་དང་། རིམ་གྱིས་རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོ་དགོངས་རྫོགས་ཀྱི་དུས་མཆོད་དང་རྒྱལ་དབང་སྐུ་འཕྲེང་ན་རིམ་གྱི་དགོངས་རྫོགས་དུས་མཆོད་ཀྱང་སྨོན་ལམ་ཆེན་མོའི་ཉིན་གྲངས་ཐོག་བསྣན་ཏེ་ཁྱོན་ཉིན་གྲངས་༢༡་རིང་ཚོགས་སྲོལ་ཡོད་འདུག སྔར་བོད་ནང་དུ་ཡོད་སྐབས་སྨོན་ལམ་ཆེན་མོའི་རིང་ལྷ་ས་གྲོང་ཁྱེར་གྱི་ཁྲིམས་བདག་དབང་ཆ་ཚང་མ་འབྲས་སྤུངས་དགོན་པའི་ཞལ་ངོ་གཉིས་ལ་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༠༣/༠༡

Leave a Reply