རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་མཇུག་གྲུབ།

རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐོག་གསོ་བ་རིག་པ་ཞེས་ན་ཡོངས་ཁྱབ་ཀྱི་སྨན་ལུགས་ཤིག་མ་ཡིན་པར་བོད་ཀྱི་སྲོལ་རྒྱུན་སྨན་ལུགས་ཡིན་པ་གསལ་བོ་ཆགས་ཡོད་པ་རེད་ཅེས་བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་རིང་མཚམས་གཅོད་ལགས་ཀྱིས་བརྗོད་བྱུང་།

དེ་རིང་ཕྱི་ཚེས་ ༡ ཉིན་བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱི་སྣེ་ཁྲིད་པའི་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་གསུམ་པ་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དང་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་བཅས་ཀྱི་གོ་སྒྲིག་འོག་ཉིན་ ༥ རིང་ཚོགས་ཏེ་དངོས་སུ་མཇུག་གྲུབ་ཡོད་པ་རེད།

འདི་གའི་གསར་འགོད་པས་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་རིང་མཚམས་གཅོད་ལགས་སུ་ཁ་པར་བརྒྱུད་འབྲེལ་བ་བྱས་པར། མོས་གསོ་བ་རིག་པའི་ཚོགས་ཆེན་དེ་སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཐེངས་དང་པོ་ཚོགས་ཡོད་པ་དང། རྗེས་སུ་བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་མུ་མཐུད་ཚོགས་ཆེན་དེ་ཚོགས་དགོས་པར་གྲོས་འཆམ་བྱུང་བ་ལྟར། ཚོགས་ཆེན་ཐེངས་གཉིས་པ་དེ་ཕྱི་ལོ་༢༠༡༢ ལོ་དྷ་རམ་ས་ལར་ཚོགས་ཡོད་པ་དང་། ཐེངས་འདིའི་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་དེ་གསུམ་པ་ཆགས་ཡོད་པ་རེད། ད་ལོ་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོའི་ལས་རིམ་ནང་གསོ་བ་རིག་པའི་ཚོགས་ཆེན་འཚོགས་རྒྱུ་འཁོད་པ་ལྟར་འདིར་ཚོགས་ཡོད་པ་རེད། ཅེས་དང་།

མོས་མུ་མཐུད་ད་ལོའི་ཚོགས་ཆེན་གྱི་ནང་དོན་དེ་སྨན་གྱི་ལུགས་ཆེན་གསུམ་ཞེས་པ་གཙོ་བོར་བཟུང་ཡོད་པ་དང་། སྔོན་ཆད་ཆོས་རྒྱལ་ཚོས་སྐབས་སུ་ཨེ་ཤ་ཡའི་ནང་དུ་སྲོལ་རྒྱུན་གྱི་སྨན་ལུགས་ཆེན་པོ་གསུམ་ཞེས་རྒྱ་གར་ཚེ་ཡི་རིག་བྱེད་དང་རྒྱ་ནག་གི་སྲོལ་རྒྱུན་སྨན་ལུགས། གསོ་བ་རིག་པའི་སྨན་ལུགས་སོགས་སྐབས་དེ་དུས་ཀྱི་ཨེ་ཤ་ཡའི་ནང་གི་སྨན་ལུགས་ཆེན་པོ་གསུམ་ངོ་སྤྲོད་བྱས་ཡོད་པ་རེད། ལོ་རྒྱུས་ཁྲོད་ཀྱི་ལུགས་ཆེན་གསུམ་དེ་མ་ཤེས་པ་ཡིན་ན་སྨན་པ་མཁས་པའི་གྲལ་དུ་མི་ཚུད་ཞེས་གསུངས་པ་ལྟར། སྨན་པ་ཞིག་ལ་མཚོན་ན་ལུགས་ཆེན་གསུམ་དེ་ངེས་པར་ཤེས་དགོས་པ་རེད། གསོ་བ་རིག་པའི་ལོ་རྒྱུས་ལས་འཕྲོས་པའི་སྨན་ལུགས་ཆེན་པོ་དེ་གལ་ཆེན་པོ་ཡིན་པས་ཚོགས་འདུའི་ཉིན་དང་པོར་ངོ་སྤྲོད་གཏམ་བཤད་བྱས་ཡོད་པ་རེད། ཅེས་བརྗོད་བྱུང་།

ཐེངས་འདིའི་ཚོགས་ཆེན་གྱི་ཚོགས་མི་དང་ཚོགས་འདུའི་ལས་རིམ་སོགས་ཀྱི་སྐོར་ལ་མོས།ཚོགས་ཆེན་ཐོག་རྒྱལ་ཁབ་གང་སར་བཞུག་པའི་བོད་ཀྱི་གསོ་རིག་ཆེད་མཁས་པ་དང་སྨན་པ་སྨན་སློབ་སོགས་ཁྱོན་མི་གྲངས་༢༠༡ འཛོམས་ཡོད་པ་རེད། ཚོགས་ཆེན་དེ་རྒྱལ་སྤྱིའི་ཚོགས་ཆེན་ཞིག་ཆགས་ཀྱི་ཡོད་དུས་བོད་པ་མ་ཡིན་པའི་ཕྱི་རྒྱལ་མི་རིགས་ཚོགས་ཆེན་ཐོག་གཏམ་བཤད་གནང་མཁན་སོའུ་ཛི་ལན་ཌི་དང་ཨོ་སི་ཊོ་ལེི་ཡ། ཨུ་རུ་སུ། སོག་པོ། སེང་གྷ་པོར། འབྲུག་དང་བལ་ཡུལ་སོགས་ནས་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་ཚོགས་བཅར་བའི་ཁྲོད་ཁྱོན་རྒྱལ་ཁབ་ཁག་༡༡ནས་ཉམས་ཞུགས་གནང་འདུག ཚོགས་ཆེན་གྱི་ལས་རིམ་ཚོགས་སྟངས་དེ་ཐུན་མོང་ཚོགས་ཐུན་ ༦ དང་ཆ་བགོས་ཚོགས་ཐུན་ ༢༨ དང་དཔྱད་རྩོམ་སྒྲོག་སྦྱང་མཁན་ ༡༢ ལག་ལེན་དམར་འཁྲིད་ ༥ བཅས་ཚོགས་ཐུན་རེ་རེར་ཆེད་མཁས་མི་སྣས་སོ་སོའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དཔྱད་རྩོམ་སྒྲོག་སྦྱང་གནང་ཡོད་པ་རེད། ད་ལོའི་དཔྱད་རྩོམ་ལ་མཚོན་ན་ང་ཚོས་སྔོན་ཚུད་ནས་གསལ་བསྒྲགས་བྱས་པ་ལྟར་མང་པོ་ཞིག་འབྱོར་ཡོད་ན་ཡང་། དུས་ཚོད་སོགས་ཀྱི་རྐྱེན་གྱིས་ཚང་མ་སྒྲོག་སྦྱང་བྱེད་ཐབས་མེད་དུས་ང་ཚོས་དེ་དག་ལས་ཡག་ཤོས་ཁག་ཅིག་གདམས་གསེས་ཀྱིས་སྒྲོག་སྦྱང་བྱེད་ཀྱི་ཡོད་པ་རེད་ལ། དཔྱད་རྩོམ་དེ་དག་གི་ཁྲོད་བོད་ཡིག་དཔྱད་རྩོམ་ ༥ དང་དེ་མིན་སོག་པོ་དང་ཨུ་རུ་སུ་ནས་གསོ་བ་རིག་པའི་སྒང་ལ་ཉམས་ཞིབ་དང་ཡིག་ཆ་མཁོ་སྒྲུབ་བྱས་པ་སོགས་ཁྱོན་དཔྱད་རྩོམ་ ༡༢ སྒྲོག་སྦྱང་གནང་ཡོད་པ་ལས་དཔྱད་རྩོམ་སྒྲོག་སྦྱང་མཁན་གཉིས་སྨན་སློབ་སློབ་མ་དང་དེ་མིན་ཚང་མ་ཕྱི་རྒྱལ་མི་རིགས་དང་ཆེད་མཁས་སྨན་པ་རྐྱང་རེད་འདུག ཅེས་བརྗོད་བྱུང་།

མཇུག་ཏུ་མོས་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་འདི་ལྟ་བུ་ཞིག་ཚོགས་ཐུབ་པ་དེ་ཧ་ཅང་གལ་ཆེན་པོ་རེད་ལ། གཅིག་ནས་སྨན་པ་དགྲེས་གཞོན་ཕན་ཚུན་བར་ལྷན་འཛོམས་ཡོང་ཐུབ་པ་དང་གཉིས་ནས་ད་ལྟའི་ཆར་གསོ་བ་རིག་པ་དེ་རྒྱལ་ཁབ་མང་པོའི་ནང་དར་སྤེལ་འགྲོ་བཞིན་པའི་སྐབས། གསོ་བ་རིག་པ་ཞེས་བརྗོད་དུས་མང་པོ་ཞིག་གིས་སྨན་ལུགས་ཤིག་རང་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།གསོ་བ་རིག་པ་ཟེར་དུས་ཕྱི་ལུགས་ཀྱི་གསོ་བ་རིག་པ་དང་རྒྱ་གར་གྱི་གསོ་བ་རིག་པ་ཟེར་བ་སོགས་གསོ་བ་རིག་པ་དེ་སྨན་གྱི་ལུགས་ཤིག་ཏུ་ངོས་འཛིན་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་། ཐེངས་འདིའི་ཚོགས་ཆེན་གྱི་མཇུག་བསྡོམས་གསུངས་བཤད་གནང་མཁན་སྐུ་མགྲོན་གཙོ་བོར་རྒྱ་གར་ནང་སྲིད་བློན་ཆེན་སྐུ་ཞབས་ཀེ་རེན་རྰ་ཇེ་ཇོ(Kirenrijiju)ལགས་དང་དམིགས་བསལ་སྐུ་མགྲོན་ལ་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་ཚོགས་གཙོ་ཝེ་ནྰ་ཐྰ་(Vinatha)ལགས་གཉིས་ཕེབས་ཡོད་པ་དང་། ཝེ་ནྰ་ཐྰ་ཡི་གསུངས་བཤད་སྐབས་གསོ་བ་རིག་པ་ཞེས་ན་བོད་ཀྱི་སྲོལ་རྒྱུན་སྨན་ལུགས་ཤིག་ཡིན་པ་དཔེ་གསལ་བོ་ཆགས་ཡོད་པ་རེད་ལ།དེ་མིན་མང་པོ་ཞིག་གིས་གསོ་བ་རིག་པ་ཞེས་ན་སྨན་གྱི་ལུགས་ཤིག་ལ་ཡོངས་ཁྱབ་ཀྱིས་བཞག་ཡོད་པ་རེད། དེ་རིང་གི་ཚོགས་ཆེན་འདིའི་ཐོག་གསོ་བ་རིག་པ་ལབ་ན་བོད་ཀྱི་སྲོལ་རྒྱུན་སྨན་ལུགས་ཤིག་ཡིན་པ་གསལ་བོ་བཤད་སོང་། དེ་ཡིན་དུས་གསོ་བ་རིག་པའི་སྨན་པ་ཞིག་ལ་མཚོན་ན་གསོ་བ་རིག་པ་ཞེས་བརྗོད་དུས་བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པ་རེད་མ་གཏོགས་སྤྱི་ཡོངས་ཀྱི་སྨན་ལུགས་ཤིག་མིན་པ་ཤེས་དགོས་རྒྱུ་གལ་ཆེན་རེད། ཅེས་བརྗོད་བྱུང་།

ཐེངས་འདིའི་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐོག་ལག་ལེན་དམར་འཁྲིད་ཀྱི་གཏམ་བཤད་ལས་རིམ་འགྲོ་བཞིན་ཡོད་པ་དང་། སྨན་བཅོས་ལག་ལེན་དམར་འཁྲིད་ཀྱི་སྐོར་ལ་སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་ཀྱིས་གསོ་བ་རིག་པ་ལས་ཕྱི་བཅོས་ངོ་སྤྲོད་དང། སྨན་པ་ཉི་ཟླ་ལྕེ་ནག་ཚང་གིས་གསོ་བ་རིག་པ་ལས་དབྱུག་བཅོས་ལག་ལེན། སྨན་རམས་པ་ཚུལ་ཁྲིམས་སྐལ་བཟང་གིས་གསོ་བ་རིག་པ་ལས་བསྐུ་གཉེའི་ལག་ལེན། སྨན་རམས་པ་བསྟན་འཛིན་སྦྱིན་པས་གསོ་བ་རིག་པ་ལས་སྐྱུག་གི་ལག་ལེན་དང་སྨན་རམས་པ་ཚུལ་ཁྲིམས་སྐལ་བཟང་གིས་གསོ་བ་རིག་པ་ལས་དུགས་ཀྱི་ལག་ལེན་སོགས་ཀྱི་སྐོར་ལ་གཏམ་བཤད་དང་འཁྲིད་སྟོན་གནང་གི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༠༡

Leave a Reply

2 thoughts on “རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་མཇུག་གྲུབ།

  1. བོད་ཀྱི་སེམས་ཅན།

    ཨ་ཅག་དེས་སྐད་ཆ་སྣང་བར་འགྲོ་སོང་། བོད་ཀྱི་གསོ་རིག་གི་སྨན་ལུགས། བོད་ཀྱི་སྨན་པའི་ལྷན་ཚོགས་ཞེས་པ་ཞིག་ད་ལྟ་བར་གོ་མ་མྱོང་། གང་ལྟར་ལས་ཀ་ཡག་པོ་བྱེད་བཞིན་པར་བཀྲིས་བདེ་ལེགས།

  2. རོང་བཟའ་མ།

    ཐེངས་འདིའི་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐོག་ལག་ལེན་དམར་འཁྲིད་ཀྱི་གཏམ་བཤད་ལས་རིམ་འགྲོ་བཞིན་ཡོད་པ་དང་། སྨན་བཅོས་ལག་ལེན་དམར་འཁྲིད་ཀྱི་སྐོར་ལ་སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་ཀྱིས་གསོ་བ་རིག་པ་ལས་ཕྱི་བཅོས་ངོ་སྤྲོད་དང། སྨན་པ་ཉི་ཟླ་ལྕེ་ནག་ཚང་གིས་གསོ་བ་རིག་པ་ལས་དབྱུག་བཅོས་ལག་ལེན། སྨན་རམས་པ་ཚུལ་ཁྲིམས་སྐལ་བཟང་གིས་གསོ་བ་རིག་པ་ལས་བསྐུ་གཉེའི་ལག་ལེན། སྨན་རམས་པ་བསྟན་འཛིན་སྦྱིན་པས་གསོ་བ་རིག་པ་ལས་སྐྱུག་གི་ལག་ལེན་དང་སྨན་རམས་པ་ཚུལ་ཁྲིམས་སྐལ་བཟང་གིས་གསོ་བ་རིག་པ་ལས་དུགས་ཀྱི་ལག་ལེན་སོགས་ཀྱི་སྐོར་ལ་གཏམ་བཤད་དང་འཁྲིད་སྟོན་གནང་གི་ཡོད་འདུག

    མཁས་པ་རྐྱང་འཛོམས་གནང་འདུག ཡི་རངས་ཡོད། བོོད་ཀྱི་གསོ་རིག་གི་བསྟན་པ་གོང་ནས་གོང་དུ་འཕེལ་བར་ཤོག