ཚོགས་པ་ལྔའི་གསར་འགོད་གསལ་བསྒྲགས།

ད་ལོའི་གསུམ་བཅུའི་དུས་དྲན་ལ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ཐུན་མོང་གིས་གལ་གནད་ཆེ་བའི་བོད་མིའི་འཐབ་རྩོད་ཀྱི་དུས་དྲན་གཞི་རྒྱ་ཆེ་བ་ཞིག་སྲུང་གཙི་ཞུ་རྒྱུ་ཡིན་འདུགཟླ་འདིའི་ཕྱི་ཚེས་༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣ སྟེང་། བཞུགས་སྒར་དྷ་རམ་ས་ལའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་དུ།  བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཚོགས་པ་ལྔ་ཡིས། བསླེབ་ལ་ཉེ་བའི་ད་ལོའི་གསུམ་བཅུའི་དུས་དྲན་སྐབས་ལས་འགུལ་སྤེལ་ཕྱོགས་སྐོར་ལ་ཐུན་མོང་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

གསར་འགོད་བསྒྲགས་གཏམ་ནང་། ཕྱི་ལོ་༢༠༡༨ ཟླ་༣ ཚེས་༡༠ ཉིན་མོ་ནི་སྤྱི་ལོ་༡༩༥༩ ཟླ་བ་༣ ཚེས་༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་ཧྲིལ་པོ་༥༩ འཁོར་བའི་ཉིན་མོ་ཞིག་ཡིན་པ་དང་། སྤྱི་ལོ་༢༠༡༨ ཟླ་བ་༣ ཚེས་༡༤ ཉིན་མོ་ནི་སྤྱི་ལོ་༢༠༠༨ ལོའི་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོར་རྒྱ་དམར་གྱིས་དྲག་གནོན་བྱས་ཏེ་ལོ་ངོ་ཧྲིལ་པོ་༡༠ འཁོར་བའི་ཉིན་ཞིག་ཆགས་ཡོད་པས། འདི་ལོར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གིས་གོང་ཞུས་དམིགས་བསལ་དུས་ཚིགས་ཁག་གཉིས་དྲན་གསོ་དང་། དུས་ཚིགས་ཁག་གཉིས་ནང་ཚེ་སྲོག་བློས་གཏོང་གནང་བའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་དང་བློས་གཏོང་ལ་རྗེས་དྲན་དང་། ཁོང་ཚོའི་དགོས་འདུན་དང་ཕུགས་བསམ་མངོན་འགྱུར་ཡོང་ཆེད་དུ་སྤྱི་ཟླ་༣ ཚེས་༡༠ ནས་༡༤ བར་བསྟུད་མར་ལས་འགུལ་སྤེལ་རྒྱུ་མ་ཟད། ལོ་གཅིག་ཧྲིལ་པོར་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་དང་སྐབས་དེར་ཚེ་སྲོག་ཤོར་བའི་སྤུན་ཟླ་ཚོ་རྗེས་དྲན་གྱི་ལོ་རུ་སྲུང་བརྩི་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

ཡང་བསྒྲགས་གཏམ་ནང་གསུམ་བཅུའི་དུས་དྲན་གྱི་བྱུང་རིམ་ངོ་སྤྲོད་དང་སྦྲགས། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་དང་བོད་ཀྱི་རང་སྲེག་མེ་རྒོ་སྐོར་ལ། སྤྱི་ལོ་༢༠༠༨ ལོ་ནི་རྒྱ་དམར་གྱིས་བོད་ས་བཙན་བཟུང་བྱས་པའི་རྗེས་ཀྱི་བོད་ནང་གི་བོད་མིའི་ལས་འགུལ་གཞི་རྒྱ་ཆེ་ཤོས་ཤིག་ཡིན་པ་མ་ཟད། ལོ་དེའི་ཟླ་གསུམ་པའི་ཚེས་༡༠ ཉིན་ཐོག་མར་ལྷ་སའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་༤༠༠ ལྷག་ཙམ་གྱིས་བོད་ནང་ཆོས་དད་རང་མོས་དགོས་པ་དང་། རྒྱ་མི་བོད་དུ་གནས་སྤོ་བྱས་པ་མཚམས་འཇོག་དགོས་ཞེས་ལྷ་ས་གྲོང་ཁྱེར་ཕྱོགས་སུ་བསྐྱོད་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། དེ་རྗེས་རིམ་པས་སེ་ར་དགོན་པའི་དགེ་འདུན་པ་དང་། ཨ་མདོ་དྷི་ཚ་དགོན་པའི་དགེ་འདུན་པ་དང་མི་མང་། ཨ་མདོ་མང་ར་དགོན་པའི་གྲྭ བ། ཨ་མདོ་བླ་བྲང་དགོན། དཀར་མཛེས་ཁུལ་བཅས་སུ་རྒྱ་གཞུང་གི་དབང་བསྒྱུར་དང་བཙན་གནོན་སོགས་ལ་ངོ་རྒོལ་ལས་འགུལ་སྤེལ་བ་དང་། རིམ་པས་ཆོལ་གསུམ་བོད་རིགས་གནས་ཁུལ་ས་གནས་ཁག་ལ་སྤྱི་ཚེས་༡༡ དང་༡༢ ༡༣་བཅས་སུ་ངོ་རྒོལ་ལས་གུལ་སྤེལ་ཡོད་པ་དང་། སྤྱི་ཚེས་༡༤ ཉིན་ལས་འགུལ་དེ་བཞིན་བོད་ས་ཁྱོན་ཡོངས་སུ་ཁྱབ་སྤེལ་བྱུང་ཡོད་། སྐབས་དེར་རྒྱ་གཞུང་གིས་དམག་མི་དང་ཉེན་རྟོག་པ་ཕོན་ཆེ་མངགས་གཏོང་གིས་ཁོང་ཚོར་ཞི་བའི་ངོ་རྒོལ་བྱེད་མཁན་ཚོའི་ཐོག་མེ་མདའ་རྒྱག་ཆོག་པའི་བཀའ་རྒྱ་ཡང་བཏང་ཡོད་པས། སྐེ་མ་རེ་རེ་དང་ཆུ་ཚོད་རེ་རེའི་ནང་ལྷ་སས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་གི་བོད་མི་ཞི་རྒོལ་བ་བའི་ཐོག་གང་བྱུང་མེ་མདས་བརྒྱབ་ཡོད་པས། རྒྱ་དམར་གྱི་ཡ་ང་སྙིང་རྗེ་མེད་པའི་དྲག་གནོན་གྱི་འོག་ཏུ་བོད་མི་ཇི་ཙམ་གྱི་ཚེ་སྲོག་ཤོར་བ་དང་འཛིན་བཟུང་བཙོན་བཅུག་བྱས་པའི་གྲངས་ཚད་ནི་འབྲེལ་ཡོད་ཚན་པའི་ཞིབ་འཇུག་བྱས་པའི་སྙན་ཐོ་ལྟར་ན། བོད་མི་༢༢༤ཡི་ཚེ་སྲོག་ཤོར་ཡོད་པ་དང་། བོད་མི་༦༤༠༠ལྷག་ཙམ་འཇུ་བཟུང་ཡོད་པ་དང་། མི་གྲངས་༥༡༠ཙམ་ཚད་གཞི་འདྲ་མིན་གྱི་འོག་བཙོན་བཅུག་ཁྲིམས་ཐག་བཅད་ཡོད། གྲངས་ཚད་འདི་ནི་རྒྱ་ནག་གཞུང་གི་ཤིན་ཏུ་དམ་དྲག་དང་བཀག་བསྡོམས་ཆེ་བའི་གནས་སྟངས་ཀྱི་འོག་ང་ཚོས་ཤེས་རྟོགས་བྱུང་བ་ཡིན་པས། དོན་དངོས་ཐོག་བོད་མིའི་ཚེ་སྲོག་ཤོར་བ་དང་འཛིན་བཟུང་བྱས་པ། གར་སོང་ཆ་མེད་དུ་གྱུར་བ་ནི་དེ་ལས་ཀྱང་ལྡབ་མང་པོས་མང་པ་ཡོད་པ་སྨོས་མེད་རེད།

གཞན་ཡང་གཞི་རྒྱ་ཆེ་བའི་ས་བྱི་ཞི་རྒོལ་གྱི་བོད་མིའི་ལས་འགུལ་ལ་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་བཙན་གནོན་དང་ཁྲག་དྲི་བྲོ་བའི་དྲག་གནོན་ཤུགས་ཆེར་བྱས་པ་དེ་ནི་བོད་མི་ཡོངས་ཀྱི་སེམས་ཁོངས་ན་ཟུབ་ཐབས་མེད་པའི་ན་ཟུག་ཅིག་ཆགས་ཡོད་པས། བར་མཚམས་མེད་པའི་རྒྱ་གཞུང་གི་སྲིད་ཇུས་དང་དྲང་བདེན་མ་ཡིན་པའི་བྱེད་བབ། ཚད་ལས་འདས་པའི་བཙན་གནོན་བཅས་ལ་བཟོད་ཐབས་བྲལ་ཏེ་སྤྱི་ལོ་༢༠༠༩ ཟླ་བ་༢ ནང་རྒྱལ་གཅེས་དཔའ་བོ་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེ་རུ་བསྲེགས་ཏེ་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་ཡོད་པ་དང་། དེ་རྗེས་རིམ་པས་བོད་ས་སྟོད་སྨད་ཡོངས་སུ་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་ཀྱི་ཚད་མཐོ་བའི་འཚེ་མེད་ཞི་བའི་ལས་འགུལ་བསྟུད་མར་སྤེལ་ནས་ད་བར་བོད་ནང་ཁྱོན་བོད་མི་ ༡༥༢ ཀྱིས་རང་གི་གཅེས་པའི་ལུས་སྲོག་མེ་རུ་བསྒྲོན་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་འདི་ནི་ས་ཡི་གོ་ལ་ཧྲིལ་པོའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་བློས་གཏོང་ཞིག་དང་ཚད་མཐོ་བའི་འཐབ་རྩོད་ཀྱི་ཟིན་ཐོ་ཞིག་ཆགས་ཡོད། འཐབ་རྩོད་འདི་གཉིས་ནི་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་དང་། གོང་བུའི་ནུས་པ། མཐུན་སྒྲིལ་གྱི་ནུས་པ་ཕྱོགས་གཅིག་ལ་སྤུངས་ཏེ་རྒྱ་དམར་གྱི་བཙན་འཛུལ་ལ་ངོ་རྒོལ་བྱས་པའི་གཞི་རྒྱ་ཆེ་ཤོས་ཀྱི་ལས་འགུལ་ཞིག་དང་ཚད་མཐོ་ཤོས་ཀྱི་འཐབ་རྩོད་ཞིག་ཡིན་པས། དུས་དེ་ནས་བཟུང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ད་བར་ལོ་ངོ་ ༥༩ རིང་ལོ་ལྟར་སྤྱི་ཟླ་༣ ཚེས་༡༠ ཉིན་གསུམ་བཅུའི་བོད་མིའི་སྒེར་ལངས་དུས་དྲན་སྲུང་བརྩི་ཞུས་དང་ཞུ་མུས་ཡིན། ཞེས་འཁོད་འདུག

ད་ལོའི་གསུམ་བཅུའི་དུས་དྲན་སྲུང་གཙི་ཞུ་ཕྱོགས་སྐོར་ལ་བསྒྲགས་གཏམ་ནང་དུ། འདི་ལོ་ནིི་སྤྱི་ལོ་༡༩༥༩ ལོར་གསུམ་བཅུའི་བོད་མིའི་རང་དབང་སྒེར་ལངས་ལས་འགུལ་སྤེལ་ནས་ལོ་ངོ་ཧྲིལ་པོ་༥༩ འཁོར་བའི་ཉིན་མོ་ཞིག་ཡིན་པ་དང་། དེ་བཞིན་སྤྱི་ལོ་༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་གྱི་ལས་འགུལ་ཆེན་མོ་སྤེལ་ནས་ལོ་ངོ་ཧྲིལ་པོ་༡༠ འཁོར་བའི་དམིགས་བསལ་གྱི་དུས་ཚིགས་གཅིག་ཆགས་ཡོད་པས། འདི་ག་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ཐུན་མོང་གིས་གལ་གནད་ཆེ་བའི་བོད་མིའི་འཐབ་རྩོད་ཀྱི་དུས་དྲན་འདི་གཉིས་སྲུང་བརྩིའི་ཆེད་དུ། སྤྱི་ལོ་༢༠༡༨ ཟླ་བ་༣ ཚེས་༡༠ ཉིན་བཞུགས་སྒར་ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅ་རི་ཉེན་རྟོགས་ཐང་བར་གཞི་རྒྱ་ཆེ་བའི་སྐད་འབོད་ལས་འགུལ་སྤེལ་རྒྱུ་དང་།  སྤྱི་ཚེས་༡༡ ཉིན་བཞུགས་སྒར་རྡ་རམ་ས་ལར་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུ་རྒྱུ། སྤྱི་ཚེས་༡༣ ཉིན་བཞུགས་སྒར་རྡ་སའི་མི་མང་ལ་ས་བྱི་ཞི་རྒོལ་གྱི་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གོ་སྒྲིག་ཞུ་རྒྱུ། སྤྱི་ཚེས་༡༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་སན་དྷ་སི་ཐལ་(Sandasthal)ནས་ཇན་དྷར་མན་དྷར་(Jantar Mantar) བར་བོད་མིའི་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན། གོ་སྐབས་འདི་བརྒྱུད་ནས་ང་ཚོས་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་མཉམ་འབྲེལ་རྒྱལ་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་བཅས་ནས་བོད་མི་ཁྲི་ཚོ་མང་པོའི་ཚེ་སྲོག་བློས་གཏོང་གི་དགོས་འདུན་ལ་ཡ་ལན་དང་། རྒྱ་དམར་གཞུང་གིས་རྒྱལ་སྤྱིའི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་འགན་འཁུར་དགོས་པའི་འབོད་སྐུལ་ཞུ་རྒྱུ་མ་ཟད། རྒྱ་དམར་གཞུང་དང་ལྷག་པར་དུ་རྒྱ་དམར་སྲིད་འཛིན་ཞི་ཅིང་ཕིན་ནས་བོད་ནང་སྤེལ་བཞིན་པའི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཟེར་བ་སོགས་མིང་འདྲ་མིན་གྱི་འོག་ནས་བོད་ནང་གི་བོད་མིར་སྡུག་སྦྱོང་མནར་གཅོད་གཏོང་བའི་ལས་ངན་མཐའ་དག་མཚམས་འཇོག་དགོས་པའི་དགོས་འདུན་འདོན་རྒྱུ་ཡིན། ཞེས་འཁོད་འདུག

མཇུག་ཏུ་ཚོགས་པ་ལྔས་ཐུན་མོང་ཐོག  མཐའ་དོན་འདི་ག་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་ད་བར་བོད་ཀྱི་འཐབ་རྩོད་ཁྲོད་ཚེ་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་རྗེས་དྲན་ཞུ་རྒྱུ་མ་ཟད། ཁོང་ཚོའི་ནང་མི་བུ་ཕྲུག་དང་བཅས་པར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། བྱེས་གྱར་བོད་མི་ཡོད་དོ་ཅོག་ནས་སྔར་ལས་ལྷག་པའི་དོན་དམ་གྱི་ཆིག་སྒྲིལ་ཐོག་བོད་ཀྱི་རྩ་དོན་འཐབ་རྩོད་ལ་འགན་འཁུར་དང་མཉམ་ཞུགས་གནང་རྒྱའི་ནན་སྐུལ་ཤུགས་ཆེར་ཞུ་རྒྱུ་དང་ཆབས་ཅིག རང་རེའི་བླ་ན་མེད་པའི་སྐྱབས་མགོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་གཞིས་བྱེས་ལྷན་འཛོམས་ཀྱི་ཉིན་མོ་མགྱོགས་ནས་མྱུར་དུ་ཤར་བའི་སྨོན་འདུན་ཞུ་རྒྱུ། ཞེས་འཁོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༠༣

Leave a Reply

5 thoughts on “ཚོགས་པ་ལྔའི་གསར་འགོད་གསལ་བསྒྲགས།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཕོ་འགའ་རེའི་རང་བཙན་ཟེར་ལེ་འདའ་།
    ཕོ་འགའ་རེའི་རང་དབང་ཟེར་ལེ་འདའ་།
    ཕོ་འགའ་རེའི་དབུ་མ་ཟེར་ལེ་འདའ་།
    དོན་ངོ་མ་རང་ཡུལ་རང་བདག་དགོས་།
    དེ་མ་འགྲུབ་རང་བཙན་ཁ་དམག་རེད་།
    དེ་མ་འགྲུབ་རང་དབང་ཁ་དམག་རེད་།
    དེ་མ་འགྲུབ་དབུ་མ་ཁ་དམག་རེད་།