ཨ་སྒོར་ཁྲི་ ༥ ཅན་གྱི་གྷན་དྷི་མཆོག་གི་གསུང་འཕྲིན།

ཨ་རིའི་གནའ་རྫས་ཚོང་གཉེར་ཁང་ཞིག་གིས་གྷན་དྷི་མཆོག་གི་ཡེ་ཤུའི་སྟོན་པ་མཆོག་ནི་ཆེས་རླབས་ཆེ་བའི་དགེ་རྒན་ཞིག་རེད་ཅེས་པའི་གསུང་འཕྲིན་ཞིག་ལ་ཨ་སྒོར་ཁྲི་ ༥ བྱས་ནས་བཙོང་གི་ཡོད་འདུགབྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་མངའ་སྡེ་པན་ནེ་སི་ཝི་ན་ཡའི་ནང་རྟེན་གཞི་བྱས་པའི་རཱབ་གནའ་རྫས་ཚོང་གཉེར་ཁང་་(Raab)གིས། ལོ་ངོ་ ༩༢ འགྲོ་ཡི་ཡོད་པའི་བདག་ཉིད་ཆེན་མོ་གྷན་དྷི་མཆོག་ནས་ཡེ་ཤུའི་སྟོན་པ་མཆོག་གི་སྐོར་ལ་བྲིས་པའི་འཕྲིན་ཡིག་ཅིག་ལ་ཨ་སྒོར་ཁྲི་ ༥ བྱས་ཏེ་བཙོང་འཆར་ཡོད་འདུག

རཱབ་རྙིང་རྫས་ཚོང་གཉེར་ཁང་གི་འགན་འཛིན་ན་ཐན་ར་བྷི་ལགས་ཀྱིས། གསུང་འཕྲིན་དེས་འཛམ་གླིང་གི་ཆོས་ལུགས་ཁག་ཚང་མ་ཞི་བའི་ངང་གནས་དགོས་པའི་གྷན་དྷི་མཆོག་གི་བཞེངས་ཕྱོགས་གསལ་འདོན་བྱས་ཡོད་པ་མ་ཟད། ད་བར་གྷན་དྷི་མཆོག་གིས་ཆོས་ལུགས་ཀྱི་སྐོར་ལ་བྲིས་པའི་འཕྲིན་ཡིག་རྩེ་ཕུད་ཅིག་ཡིན། ཞེས་བརྗོད་ཡོད་པ་དང་། ད་བར་གྷན་དྷི་མཆོག་གིས་ཆབ་དཔལ་རིག་གསུམ་ཐོག་བྲིས་གནང་བའི་གསུང་འཕྲིན་སྡུར་ཚོང་བྱས་པ་མང་པོ་ཡོད་ཀྱང་། ད་ཐེངས་ནི་ཡེ་ཤུའི་སྟོན་པ་མཆོག་གླེང་སློང་གནང་བའི་གྷན་དྷི་མཆོག་གི་གསུང་འཕྲིན་ཞིག་ཁྲོམ་རའི་ནང་བསླེབས་པ་ཐོག་མ་དེ་ཆགས་ཡོད་འདུག

གསུང་འཕྲིན་དེར་ཕྱི་ལོ་ ༡༩༢༦ ཟླ་ ༤ ཚེས ༦ ཉིན་བདག་ཉིད་ཆེན་མོ་གྷན་དྷི་མཆོག་ནས་མཚན་རྟགས་བསྐྱོན་ཏེ། སྐབས་དེའི་ཨ་རིའི་ཡེ་ཤུའི་ཆོས་དཔོན་མིལ་ཊོན་ཧྥི་རན་རྫི་ལགས་སུ་བཏང་གནང་ཡོད་པ་དང་། གསུང་འཕྲིན་ནང་གྷན་དྷི་མཆོག་གིས། ངའི་སྙིང་ནས་བརྩེ་བའི་གྲོགས་པོ་ལགས། ཁྱེད་ཀྱིས་ཡེ་ཤུའི་གྲུབ་མཐའི་སྐོར་ལ་སྐད་ཆ་བཤད་རོགས་ཅེས་པའི་གསུང་འཕྲིན་དེ་ང་ལ་འབྱོར་བྱུང་ཡང་། འགྲེལ་བཤད་རྒྱག་ཡུལ་དེ་ང་ལ་རྒྱུས་མངའ་མེད་པའི་ཇའེ་སེ་སི་མཆོག་གི་ཆེས་མཐོའི་ལྟ་གྲུབ་ཡིན་པས། ངས་ནུས་ཤུགས་ཡོད་རྒུ་བཏོན་ཡང་ཁོང་ནི་མིའི་རིགས་ཀྱི་ཆེས་རླབས་ཆེན་གྱི་དགེ་རྒན་ཞིག་ཡིན་པའི་ས་མཚམས་ལས་ང་བརྒལ་ཐུབ་ཀྱི་མི་འདུག་ལ། ཁྱེད་ཀྱིས་ཆོས་ལུགས་ཁག་གི་མཐུན་སྒྲིལ་ནི་ཕན་ཚུན་བར་ལྟ་གྲུབ་རྩོད་གླེང་བྱས་ཏེ་ཡོང་ཐུབ་པ་ཞིག་ཏུ་ངོས་འཛིན་སྣང་གི་མེད་ལ། ངས་ཀྱང་ཆོས་ལུགས་ཁག་གི་མཐུན་སྒྲིལ་ནི་ཚང་མས་ཕན་ཚུན་གྱི་ལྟ་གྲུབ་ལ་གུས་བཀུར་བྱས་ཏེ་ཡོང་ཐུབ་པ་ཞིག་ཏུ་འདོད་ཀྱིན་ཡོད། ཅེས་འཁོད་ཡོད་འདུག

རཱབ་གནའ་རྫས་གཉེར་ཚོང་ཁང་གིས་གསུང་འཕྲིན་དེ་ཉར་ཚགས་བྱས་ནས་ལོ་ངོ་ ༥༠ ལྷག་འགྲོ་ཡི་ཡོད་སྟབས། ད་ལྟ་ཤོག་ངོས་ཀྱི་ཡི་གེ་དག་གསལ་པོ་མེད་ཀྱང་། འཕྲིན་ཡིག་དེ་ནི་འཛམ་གླིང་ནང་གི་ཆོས་ལུགས་ལྟ་གྲུབ་སྲོལ་གཏོད་བྱེད་པའི་སྐྱེས་བུ་གལ་ཆེན་གཉིས་ཀྱི་སྐོར་ཡིན་སྟབས། བརྒྱུད་ལམ་ཁག་གཙོས་ཚོང་ལས་དོན་གཉེར་བ་མང་པོ་ཞིག་གིས་དོ་སྣང་བྱེད་ཡུལ་ཞིག་ཆགས་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོར་གྷན་དྷི་མཆོག་ལྐོད་གསོད་ཐེབས་སའི་ཡུལ་དངོས་ཀྱི་ས་དང་རྩྭ་ཐུར་འགའ་ལ་ཨ་སྒོར་ ༡༣༠༠༠ ལྷག་བྱས་ཏེ་བཙོང་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་རང་བཙན་འཐབ་ཡིག་ཅིག་ལ་ཨ་སྒོར་འབུམ་ ༡།༥ ལྷག་བྱས་ཏེ་བཙོང་། ཡང་ཕྱི་ལོ་ ༢༠༡༣ ལོར་གྷན་དྷི་མཆོག་གི་འཁོར་ཐག་ལ་ཨ་སྒོར་འབུམ་ ༡།༥ མ་ཟིན་ཙམ་བྱས་ཏེ་བཙོང་བ་སོགས་གྷན་དྷི་མཆོག་གི་ཤུལ་ལུས་ཅ་དངོས་དག་གིས་རྒྱལ་སྤྱིའི་གནའ་རྫས་ཁྲོམ་རའི་ནང་རིན་ཐང་གང་འཚམ་ཞིག་བཟུང་ཡོད་འདུག

བདག་ཉིད་ཆེན་པོ་གྷན་དྷི་མཆོག་ནི་ཕྱི་ལོ་ ༡༨༦༩ ཟླ་ ༡༠ ཚེས་ ༢ ཉིན་རྒྱ་གར་མངའ་སྡེ་གྷོ་ཇོ་ར་ཊའི་པོར་བྷན་ཌར་ས་གནས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་ ༡༣ ལ་སོན་སྐབས་གཉེན་སྒྲིག་བྱས། དགུང་ལོ་ ༡༨ སྟེང་དབྱིན་ཡུལ་དུ་ཁྲིམས་ལུགས་སློབ་གཉེར་བྱེད་དུ་ཕེབས། ཕྱི་ལོ་ ༡༨༩༡ ལོར་དབྱིན་ཡུལ་ནས་ཕྱིར་རྒྱ་གར་དུ་ལོག་སྟེ་རྒྱ་གར་ནང་ཁྲིམས་ལུགས་ཀྱི་བྱ་བ་གཉེར་འགོ་བརྩམས་ཡོད་ཀྱང་། ལོ་ངོ་ ༢ རྗེས་ནས་ཨ་ཧྥེ་རི་ཁའི་ནང་གནས་སྤོར་བྱས་པའི་རྒྱ་གར་གྱི་ཡུལ་མི་ཚོར་ཁྲིམས་ལུགས་སློབ་སྟོན་པར་ཕེབས་དགོས་བྱུང་། ཨ་ཧྥེ་རི་ཁའི་ནང་མི་རིགས་དབྱེ་འབྱེད་ཀྱིས་མཐོང་ཆུང་དང་བརྙས་བཅོས་ཚོད་མེད་མྱངས་རྗེས། ཨ་ཧྥེ་རི་ཁའི་མི་རིགས་དབྱེ་འབྱེད་དང་རིགས་རུས་མཐོ་དམན་གྱི་ལྟ་བ་སོགས་ཀྱི་སྲིད་ཇུས་ཁག་ལ་ཁ་གཏད་བཅག་ནས་ཡུལ་དེར་ལོ་ངོ་ ༢༠ རིང་བཞུགས། ཕྱིས་སུ་རྒྱ་གར་ནང་ཕྱིར་ཕེབས་ཏེ་དབྱིན་གཞུང་གི་བཙན་གནོན་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་ལས་འགུལ་བསྟུད་མར་སྤེལ་བར་བརྟེན། དབྱིན་གཞུང་ནས་ཁོང་གི་གཙོས་ཞི་རྒོལ་བ་རྣམས་བཙོན་འཇུག་གིས་མནན་གཅོད་རིམ་པ་བཏང་མཐར། ཕྱི་ལོ་ ༡༩༤༧ ལོར་དབྱིན་ཇིའི་འོག་ནས་རྒྱ་གར་རང་བཙན་ཐོབ་ཡོད་པ་རེད། ཕྱི་ལོ ༡༩༤༧ ཟླ་ ༡ ཚེས་ ༣༠ ཉིན་ན་ཐོ་རམ་(Nathuram Gods)ཟེར་བ་ཞིག་གིས་གྷན་དྷི་མཆོག་ལ་མེ་མདས་བརྒྱབས་ཏེ་བསད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༠༦

Leave a Reply