རྒྱ་ནག་དམར་ཤོག་གི་སྲིད་གྲོས་ཚོགས།

དེ་རིང་ནས་ཚོགས་བཞིན་ཡོད་པའི་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུའི་ཐོག་སྲིད་འཛིན་དང་སྲིད་བློན་གྱི་དུས་ཡུན་འཕར་འགྱངས་ཀྱི་དགོས་འདུན་སོགས་གཏན་འབེབས་ག་འདྲ་ཡོང་མིན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག

དེ་རིང་ཕྱི་དྲོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་ ༡༣ པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བཙུགས་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་དམངས་ཆེན་རྒྱུན་ལས་དང་། དེ་བཞིན་ཞིང་ཆེན་ཁག་དང་རང་སྐྱོང་ལྗོངས། རྒྱ་ནག་གི་དམིགས་བསལ་སྲིད་འཛིན་ས་ཁུལ་ཁག་གི་དམར་ཤོག་སྲིད་གྲོས་ཀྱི་ཚོགས་གཙོ་དང་འཐུས་མི་སོགས་ཁྱོན་མི་གྲངས་ ༢༩༨༠ མཉམ་ཞུགས་བྱས་ཡོད་འདུག

ཉིན་གྲངས་ ༡༣ རིང་ཚོགས་བཞིན་ཡོད་པའི་ཚོགས་འདུ་འདིའི་ཐོག སྲིད་གྲོས་ཀྱི་འཐུས་མི་ ༢༡༠༠ ལྷག་ཙམ་གྱིས་སྲིད་གྲོས་འཐུས་མིའི་རྒྱུན་ལས་ལྷན་ཁང་གི་ལས་དོན་སྙན་སྒྲོན་ཞུས་ཏེ་བགྲོ་གླེང་དང་། སྲིད་གྲོས་ཀྱི་ཚོགས་གཙོ་རྒན་གཞོན་གཉིས་གསར་འདེམས་སོགས་བྱེད་ཀྱི་ཡོད་འདུག ཐེངས་འདིའི་ཚོགས་འདུའི་ཐོག་ཉེ་སྔོན་རྒྱ་ནག་དམར་ཤོག་དབུས་རྒྱུན་ལས་ལྷན་ཁང་གིས་བཏོན་པའི་སྲིད་འཛིན་དང་སྲིད་བློན་སྐབས་གཉིས་ལས་བརྒལ་ཆོག་པ་བཟོ་རྒྱུ་སོགས་ཚུད་པའི་དོན་གནད་ ༡༡ ཐོག་རྩ་ཁྲིམས་བསྐྱར་བཅོས་དགོས་ཀྱི་ཡོད་པ་དང་། དེ་བཞིན་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཟུར་པ་ཝང་ཆི་ཧྲན་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་འཛིན་གཞོན་པར་བསྐོ་བཞག་བྱེད་མིན་སོགས་ཀྱི་ཐད་རྒྱ་ནག་གི་གཙོས་རྒྱལ་སྤྱིའི་ཐོག་ནས་གླེང་སློང་དང་དོ་སྣང་ཆེན་པོ་བྱེད་ཀྱི་འདུག

རྒྱ་ནག་དམར་ཤོག་སྲིད་གྲོས་ཀྱི་ཚོགས་འདུ་དང་བསྟུན། རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་དམ་དྲག་དང་། ལྷག་པར་དུ་སྲིད་འཛིན་དང་སྲིད་བློན་གྱི་དུས་ཡུན་འཕར་འགྱངས་སོགས་ཀྱི་རྩ་ཁྲིམས་བསྐྱར་བཅོས་སྐོར་ལ་གླེང་སློང་མང་པོ་ཡོང་གི་ཡོད་པ་རྣམས་ནག་གསུབ་གཏོང་གི་ཡོད་པ་མ་ཟད།  ཞི་ཅིན་ཕིན་དང་འབྲེལ་བའི་ཚོར་བ་སྐྱེན་པའི་མིང་ཚིག་དང་ཐ་སྙད་( Two Term)ཟེར་བ་སོགས་ནག་གསུབ་གཏོང་གི་ཡོད་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྲིད་བློན་ཟུར་པ་ཀྲུའུ་ཨན་ལེ་སྐྱེས་ནས་ལོ་ ༡༢༠ འཁོར་བར་རྗེས་དྲན་ཞུས་ཡོད་པ་དང་། སྐབས་དེར་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཀྲུའུ་ཨན་ལེ་ནི་ཏང་ལ་བློ་དཀར་ཞིང་ཁྱོན་ཡོངས་སྲུང་སྐྱོབ་བྱེད་པའི་ཕུལ་བྱུང་དཔེ་ལེགས་ཀྱི་མི་སྣ་ཞིག་ཡིན་སྟབས། ཚང་མས་ཁོང་ལ་སློབ་སྦྱོང་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་པ་དང་། རང་རྟོགས་སྒོས་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོབ་བྱེད་དགོས་ལ། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་སྲུང་འཛིན་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཏང་གི་ཆབ་སྲིད་ལམ་ཕྱོགས་ལག་བསྟར་བྱས་ཏེ། ཏང་ལ་བློ་དཀར་ཞིང་ཏང་ལ་དཀའ་ཁག་སེལ་རོགས་བྱེད་པ་དང་ཏང་གི་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས། ཞེས་སོགས་བརྗོད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༠༣

Leave a Reply

3 thoughts on “རྒྱ་ནག་དམར་ཤོག་གི་སྲིད་གྲོས་ཚོགས།

  1. གཞུང་པ་ཚེ་དབང་བསོད་ནམས་

    གཅིག་བསྡུད་འོག་ནས་གཞུང་མང་སྐྱོངས་རྒྱུ་དང་མང་གཙོའི་ལམ་ནས་གཞུང་མང་སྐྱོངས་རྒྱུ་གཉིས་གཅིག་གི་གཅིག་ལ་བརྡ་ལན་མ་ཐུབ་ན་གཞུང་མང་གཉིས་ལ་རྫོགས་རྒྱུ་མེད་པའི་དཀའ་ངལ་ནང་ལྷུངས་སྲིད་པ་མ་རེད་དམ་།

  2. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་གི་རྩ་ཁྲིམས་བསྐྱར་བཅོས་ཆེད་དོན་ཚན་བཅུ་གཅིག་ནས་དོན་ཚན་གཅིག་ལས་ངོ་སྤྲོད་གནང་མི་འདུག་ན་སྲིད་འཛིན་དང་སྲིད་བློན་ལས་ཡུན་ལས་གཞན་དོན་ཚན་བཅུ་དེ་ངོ་སྤྲོད་གནང་མི་འདུག་ན་གནས་ཚུལ་ག་འདྲ་ཞིག་ཡིན་ཀྱང་འགོ་ནས་འཇུག་བར་ཆ་ཚང་བ་བཀོད་རྒྱུ་དེ་རང་དབང་ཅན་གྱི་གསར་འགོད་པའི་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།