དགའ་ལྡན་དགོན་པའི་གྲྭ་བ་ཚོས་སྣེ་ཁྲིད་དེ་ལྷ་སར་ངོ་རྒོལ་བྱས་པར་རྗེས་དྲན།

ཕྱི་ལོ་༡༩༨༨ ལོ་བོད་ནང་ཞི་རྒོལ་འཐབ་རྩོད་བྱུང་ནས་ལོ་འཁོར་༣༠ ལོན་པ་རང་ལ་དམིགས་ཏེ་པར་རིས་བརྒྱ་ལྷག་འགྲེམས་སྟོན་བྱས།

དེ་རིང་བཞུག་སྒར་ཐེག་ཆེན་གཙུག་ལག་ཁང་གི་བོད་ཀྱི་དཔའ་བོ་དཔའ་མོའི་དྲན་རྟེན་རྡོ་རིང་མདུན་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཕྱི་ལོ་ ༡༩༨༨ ལོའི་ཟླ་ ༣ པའི་ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དགའ་ལྡན་དགོན་པའི་དགེ་འདུན་པས་སྣེ་ཁྲིད་མཛད་དེ་ཞི་རྒོལ་འཐབ་རྩོད་ལས་འགུལ་སྤེལ་ནས་མི་ལོ་ཧྲིལ་བོ་ ༣༠ འཁོར་བའི་དུས་དྲན་སྲུང་གཙི་པར་རིས་འགྲེམས་སྟོན་ལམ་ནས་ཞུས་སོང་།

འདི་གའི་གསར་འགོད་པས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟླ་བ་བཀྲིས་ལགས་སུ་པར་རིས་འགྲེམས་སྟོན་སྐོར་དྲིས་པར་ཁོས། དེ་རིང་གི་འགྲེམས་སྟོན་ཐོག་ཁྱོན་པར་རིས་བརྒྱ་ལྷག་ཅིག་ཡོད་པ་དང་། པར་རིས་དེ་དག་གི་ནང་དོན་གཙོ་བོ་དེ་ ༡༩༨༨ ལོའི་ཟླ་ ༣ ཚེས་ ༥ ལྷ་སར་ཆོས་འཕྲུལ་སྨོན་ལམ་ཆེན་མོའི་དུས་སྐབས་དང་བསྟུན་དགའ་ལྡན་དགོན་པའི་དགེ་འདུན་པས་སྣེ་འཁྲིད་པའི་ཞི་རྒོལ་ཆེན་མོ་བྱུང་ནས་མི་ལོ་སུམ་ཅུ་ཏག་ཏག་འཁོར་གྱི་ཡོད་སྟབས། དེ་རིང་ང་ཚོས་ཆེད་དུ་ཞི་རྒོལ་འཐབ་རྩོད་ཀྱི་དུས་དྲན་སྲུང་གཙི་དང་འབྲེལ་བའི་པར་རིས་རྐྱང་འགྲེམས་སྟོན་ཞུས་ཡོད་པ་རེད། ལོ་སྔོན་མའི་ནང་པར་རིས་འགྲེམས་སྟོན་བྱས་པ་དེ་ ༡༩༨༧ ཟླ་ ༩ ཚེས་ ༢༧ དང་ཟླ་ ༡༠ པའི་ཚེས་ ༡ ལ་ལས་འགུལ་དེ་གཉིས་བྱུང་ནས་ལོ་ ༣༠ བཅུ་འཁོར་བའི་དུས་དྲན་སྲུང་གཙི་བྱས་པ་རེད། དེ་སྔོན་དེ་དང་འདི་གཉིས་ཀྱི་པར་རིས་འགྲེམས་སྟོན་ལ་ཁྱད་པར་ཡོད་པ་རེད། དགུ་བཅུ་གསུམ་ཚོགས་པའི་ངོས་ནས་ ༡༩༨༨ ལོའི་ཞི་རྒོལ་ལས་འགུལ་ལ་དམིགས་ནས་པར་རིས་འགྲེམས་སྟོན་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་བསྒྲགས་གཏམ་ཡི་གེའི་ནང་།  དེ་རིང་ནི་ ༡༩༨༨ ལོའི་ཟླ་ ༣ པའི་ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དགའ་ལྡན་དགོན་པའི་དགེ་འདུན་པས་སྣེ་ཁྲིད་མཛད་དེ་ཞི་རྒོལ་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ནས་མི་ལོ་ཧྲིལ་བོ་སུམ་བཅུ་འཁོར་བའི་དུས་དྲན་ཞིག་རེད། དེའི་སྔ་ལོ་ཟླ་ ༩ ཚེས་ ༢༧ ཉིན་དང་ཟླ་ ༡༠ ཚེས་ ༡ ཉིན་འབྲས་སྤུངས་དགོན་པ་དང་སེ་ར་དགོན་པའི་དགེ་འདུན་པས་སྣེ་ཁྲིད་མཛད་དེ་གཞི་རྒྱ་ཆེ་བའི་མི་མང་གི་ངོ་རྒོལ་བྱས་པ་དང་། གནས་ཚུལ་དེ་སྐབས་དེར་རྒྱལ་སྤྱིའི་ཐོག་ཁྱབ་ནས་རྒྱ་གཞུང་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་དང་ཁ་རྡུང་དྲག་པོ་ཕོག་ཡོད་པར་བརྟེན། རྒྱ་གཞུང་གིས་སྔོན་ཚུད་ནས་འཆར་གཞི་བསྒྲིགས་ནས་བོད་ནང་ཆོས་དད་རང་མོས་ཡོད་པའི་ཕྱི་ཚུལ་གྱི་རྣམ་པ་སྟོན་ཆེད་ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་སུ་བཅུག་ཡོད་ཀྱང་། དོན་དངོས་ཐོག་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་གང་སར་སོ་མྱུལ་བ་དང་ཉེན་རྟོག་པས་ཁེངས་ནས་ཡོད། ཆོ་འཕྲུལ་སྨོན་ལམ་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་དབུས་སུ་གནས་པའི་གཙུག་ལག་ཁང་དུ་འཚོགས་བཞིན་ཡོད་པ་དང་། བྱམས་པ་གདན་འདྲེན་ཞུ་སྐབས་གྲྭ་མང་གིས་བོད་རང་བཙན་ཡིན། རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་ངོ་རྒོལ་སྐད་འབོད་བྱས་པ་དང་། རྒྱ་གཞུང་གིས་སྔ་ནས་གྲ་སྒྲིག་བྱས་པའི་དམག་མི་དང་ཉེན་རྟོག་པ་བཏང་ནས་དྲག་གནོན་བྱས་ཏེ་མི་སྣ་མང་པོ་ཤི་རྨས་བྱུང་བ་དང་འཛིན་བཟུང་བཙོན་བཅུག་བྱས་ཡོད། ཅེས་དང་།

ཡང་སྐབས་དེར་རྒྱ་གཞུང་གིས་འཛིན་བཟུང་བཙོན་བཅུག་བྱས་པའི་མི་སྣ་ཚོའི་སྐོར་ལ། སྐབས་དེར་ཞི་རྒོལ་ནང་འཇུ་བཟུང་བྱས་པའི་སེར་སྐྱ་མི་མང་མང་པོ་ཞིག་ལོ་གཅིག་ལ་བཀག་ཉར་བྱས་ཏེ་འདྲི་བརྩད་མང་པོ་བྱས་མཐར། ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡ ཚེས་ ༡༩ ཉིན་མི་འགའ་ཞིག་ལ་ཐོག་མར་དངོས་སུ་ཁྲིམས་ཐག་བཅད་པ་དང་། དེ་ཡང་ཉིན་དེར་ལྷ་ས་གྲོང་ཁྱེར་ཉེན་རྟོག་རུ་ཁག་གི་ཚོགས་ཁང་དུ་ཁྲིམས་ཐག་བཅད་པའི་ནང་། བསྟན་པ་དབང་གྲགས་དུས་བཀག་བཙོན་བཅུག་དུས་ཡུན་ལོ་ ༡༤ དང་ཕུན་ཚོགས་རྒྱལ་མཚན་ལོ་ ༡༢། རྒྱ་ཐར་ལོ་ ༡༠། ཀུན་བཟང་རིག་འཛིན་ལོ་ ༩ ། བརྩོན་འགྲུས་མཐར་ཕྱིན་ལོ་ ༨ ། ཆུང་བདག་ལོ་ ༧ ། ཚེ་རིང་བསོད་ནམས་ལོ་ ༥ ། ཚེ་རིང་ལོ་ ༤། བཀྲ་ཤིས་ལོ་ ༣ བཅས་ཀྱི་དུས་བཀག་བཙོན་བཅུག་བྱས་ཡོད། དེ་ནི་ཕྱི་ལོ་ ༡༩༨༧ ལོའི་ཟླ་ ༩ ཚེས་ ༢༧ ཉིན་གྱི་ཞི་རྒོལ་བྱུང་རྗེས་ནས་ལོ་ཚད་བཙོན་འཇུག་ཁྲིམས་ཐག་བཅད་པ་ཐོག་མའི་གྲས་ཆགས་ཀྱི་ཡོད་ལ། ལྷག་པར་དུ་སྐབས་དེ་དུས་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཟུར་བློ་བཟང་བསྟན་འཛིན་སོགས་མི་དྲུག་ལ་རྒྱ་དམག་བསད་པའི་ཉེས་མིང་བཀལ་ནས་བློ་བཟང་བསྟན་འཛིན་ལོ་གཉིས་ཀྱི་རྗེས་སུ་སྲོག་ཁྲིམས་གཅོད་རྒྱུའི་ཐག་གཅོད་བྱས་ཡོད།  དུས་དེ་ནས་བཟུང་ལྷ་སའི་གྲྭ་བཞི་བཙོན་ཁང་དང་། དགུ་ཚ་བཙོན་ཁང་། གསང་ཡིབ་བཙོན་ཁང་སོགས་ཀྱི་ནང་བོད་མིའི་ཆབ་སྲིད་བཙོན་པ་དངོས་སིུ་བཙོན་བཅུག་བྱེད་པའི་དུས་ངན་གསར་བ་ཞིག་འཆར་བ་རེད། ལོ་རབས་ ༩༠ པར་སླེབས་སྐབས་ལྷ་སའི་གྲྭ་བཞིན་བཙོན་ཁང་གཅིག་ཕུའི་ནང་བོད་མི་ཆབ་སྲིད་བཙོན་པ་ ༤༠༠ ལྷག་ཙམ་བཙོན་འཇུག་བྱས་ཡོད། ལོ་ངོ་སུམ་ཅུ་ལྷག་ཙམ་འདས་ཟིན། སྐབས་དེའི་ཞི་རྒོལ་འཐབ་རྩོད་ནང་མཉམ་ཞུགས་བྱེད་མཁན་བོད་མི་མང་པོ་ཞིག་འདས་གྲོངས་སུ་སོང་ཟིན་པ་དང་། བཙོན་ཁང་ནང་ཡུན་རིང་སྡུག་སྦྱོང་མྱངས་ནས་གསོན་པོར་གནས་པའི་བོད་མི་དེ་དག་ཀྱང་མང་པོ་ཞིག་གཟུགས་གཞི་བདེ་ཐང་མེད་པ་དང་། ཐ་ན་དབང་བོ་སྐྱོན་ཅན་དུ་བསྒྱུར་བ་སོགས་ཁོ་ཚོས་མི་རིགས་ཀྱི་ཆེད་དུ་བློས་གཏོང་གནང་བ་དེ་ནི་སུས་ཀྱང་ཚབ་མཚོན་མི་ཐུབ་པ་ཞིག་རེད། ཅེས་འཁོད་འདུག

མཇུག་ཏུ་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་བོད་མདོ་དབུས་ཁམས་གསུམ་གྱི་ས་གནས་གང་སར་བོད་མི་བཙོན་བཅུག་བྱེད་སའི་བཙོན་ཁང་གིས་ཁེངས་ཡོད། ཕྱི་ལོ་ ༢༠༠༩ ལོར་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་ནས་བཟུང་ད་བར་བོད་མི་ ༡༥༢ ཙམ་གྱིས་རང་ལུས་མེར་བསྲེགས་ཀྱི་ཐོག་ནས་རྒྱ་གཞུང་གིས་བོད་ནང་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད། འདི་ལྟ་བུའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་རྒྱུན་འཁྱོངས་ཐུབ་མཁན་ཞིག་བོད་མི་རིགས་མ་གཏོགས་བྱུང་མེད་ཅེས་བརྗོད་ཆོག དེ་རིང་གི་དུས་དྲན་འདི་བརྒྱུད་ནས་སྐབས་དེའི་འཐབ་རྩོད་ནང་ཞུགས་མཁན་རྒྱལ་གཅེས་པ་ཁོང་རྣམས་དང་། ཁོང་རྣམས་ཀྱི་དགའ་ཉེ་སྤུན་མཆེད་སོགས་ལ་ཐུགས་གསོའི་འཚམས་འདྲི་ཞུ་བ་དང་ཆབས་ཅིག སྐབས་དེར་རྒྱ་གཞུང་གི་བཙོན་ཁང་ནང་དཀའ་སྡུག་སྣ་ཚོགས་མྱོང་བཞིན་པའི་བོད་མི་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།  ཅེས་འཁོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༠༥

Leave a Reply