ཕོ་བྲང་དཀར་པོའི་མདུན་ནས་རང་ཤི་བརྒྱབ་འདུག

སྐྱེས་པ་ཞིག་གིས་ཨ་རིའི་ཕོ་བྲང་དཀར་པོའི་མདུན་གྱི་མི་ཚོགས་དཀྱུས་ནས་མེ་མདའ་ཐེངས་འགའ་བརྒྱབ་རྗེས་སོ་སོའི་མགོ་ལ་བརྒྱབ་སྟེ་རང་སྲོག་བཅད་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ས་གནས་ཉེན་རྟོག་པས། ལོ་ན་ ༢༦ ཡིན་པའི་ཁ་མེ་རོན་བྷ་གྷེ་སི་(Cameron Ross Burgess)ཟེར་བ་ཞིག་གིས་ཕོ་བྲང་དཀར་པོའི་མདུན་དུ་མི་ཚོགས་དཀྱུས་ནས་མེ་མདའ་ཐེངས་འགའ་འཕངས་རྗེས་སོ་སོའི་མགོ་ལ་མེ་མདས་བརྒྱབ་སྟེ་རང་ཤི་བརྒྱབ་ཡོད་པ་དང་། དོན་རྐྱེན་ཁྲོད་མི་གཅིག་ལའང་གནོད་སྐྱོན་བྱུང་མེད་པ་མ་ཟད། སྐབས་དེར་སྲིད་འཛིན་ཊོམ་ཕུ་ཡང་ཕོ་བྲང་དཀར་པོའི་ནང་མེད་སྐོར་སོགས་བརྗོད་འདུག

ཕོ་བྲང་དཀར་པོའི་བདེ་འཇགས་སྲུང་སྐྱོབ་ཚན་པས། ཁ་མེ་རོན་གྱིས་མི་མང་དཀྱུས་ནས་མེ་མདའ་ཐེངས་འགའ་འཕངས་ཡོད་པ་དེ་དག་གི་ཁ་ཕྱོགས་ཕོ་བྲང་དཀར་པོའི་ཕྱོགས་སུ་མིན་སྐོར་བརྗོད་ཡོད་ཀྱང་། དོན་རྐྱེན་བྱུང་སྐབས་ཕོ་བྲང་དཀར་པོའི་ལས་སྒོ་ཡོངས་དོགས་ཟོན་འོག་སྐར་མ་ ༤༥ རིང་མཚམས་འཇོག་བྱས་ཡོད་པ་མ་ཟད། ཕོ་བྲང་དཀར་པོའི་གཡས་གཡོན་གྱི་འགྲོ་ལམ་ཡོངས་ལ་བདེ་སྲུང་མི་སྣ་འགྲེམས་འཇོག་བྱས་ཏེ།  ད་ལྟའི་ཆར་ཡང་དོགས་ཟོན་ནན་མོ་བྱེད་ཀྱིན་ཡོད་པ་རེད།

ད་རེས་ནི་ཨ་རིའི་ཕོ་བྲང་དཀར་པོའི་ཉེ་འཁོར་དུ་དོན་རྐྱེན་བྱུང་བ་ཐོག་མ་དེ་མ་ཡིན་པར་ཉེ་སྔོན་ལོ་ན་ ༣༥ ཡིན་པའི་བུད་མེད་ཅིག་གིས་ཕོ་བྲང་དཀར་པོའི་ཉེ་འགྲམ་གྱི་འགོག་ལམ་ལྕགས་ར་ཞིག་ལ་རླངས་འཁོར་གྱིས་རྒོལ་གཏོར་བྱས་རྗེས་འཛིན་བཟུང་བྱས་ཏེ་ཉེས་ཆད་བཅད་ཡོད་པ་དང་། སྐབས་དེར་ཨ་རིའི་ཕོ་བྲང་དཀར་པོ་ཆུ་ཚོད་ ༡ རིང་སྒོ་རྒྱག་དགོས་བྱུང་ཡོད་འདུག  ཕྱི་ལོ་ ༢༠༡༦ ལོར་ཉེན་རྟོག་པས་ཉེན་བརྡ་གཏོང་གི་ཡོད་མེད་ལ་མ་ལྟོས་པར་སྐྱེས་པ་ཞིག་གིས་ལག་ཏུ་མེ་མདའ་བཟུང་ནས་ཐད་ཀར་ཕོ་བྲང་དཀར་པོའི་ཕྱོགས་སུ་རྒྱུགས་ཡོད་སྟབས།  ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་ཐད་ཀར་རྐྱེན་འདས་སུ་ཕྱིན་ཡོད་འདུག

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༠༥

Leave a Reply

One thought on “ཕོ་བྲང་དཀར་པོའི་མདུན་ནས་རང་ཤི་བརྒྱབ་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    རང་དབང་ཆེ་ན་རང་སྲོག་ཤོར་།
    རྒྱུ་ནོར་མང་ན་ལས་བྲེལ་མང་།
    ཟས་ནོར་མེད་ན་རྐུ་རྒྱུ་དྲན་།
    དྲང་བདེན་མེད་ན་རྫུན་བཤད་མང་།
    ཟེར་ཡང་ཟེར་ལ་བདེན་ཡང་བདེན་།