ཉིན་ཞིག་ཨ་རིས་རྒྱ་ནག་ལ་ལད་མོ་བྱེད་སྲིད་པ་རེད།

ཨ་རིའི་སྲིད་འཛིན་ཊོམ་ཕུས་ཞི་ཅིན་ཕིན་གྱིས་མི་ཚེ་གང་བོར་སྲིད་འཛིན་བྱེད་ཐུབ་ཀྱི་ཡོད་པས་ཨ་རིས་ཀྱང་ཉིན་ཞིག་དེ་ལྟར་བྱེད་སྲིད་པ་རེད་ཅེས་བརྗོད་འདུགརྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་སྲིད་གྲོས་ཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གྱི་དུས་ཡུན་རིང་དུ་གཏོང་རྒྱུའི་གྲོས་འཆར་གཏན་འབེབས་ཡོང་སྲིད་པའི་ཚོད་དཔག་ཆེན་པོ་བྱེད་བཞིན་ཡོད་ལྟར། ཨ་རིའི་སྲིད་འཛིན་ཊོམ་ཕུས་ཨ་རིའི་ལྷོ་རྒྱུད་ཧྥི་ལོ་རི་ཌཱ་(South Florida)མངའ་སྡེའི་སྤྱི་མཐུན་ཚོགས་པའི་འདུ་ཚོགས་ཤིག་གི་ཐོག སྲིད་འཛིན་ཊོམ་ཕུས་སྐུ་ཞབས་ཞི་ཅིན་ཕིན་ནི་ཧ་ཅང་རླབས་ཆེ་བའི་མི་ཞིག་རེད། ད་ནི་ཁོས་མི་ཚེ་གང་བོར་སྲིད་འཛིན་བྱེད་ཐུབ་ཀྱི་ཡོད་པ་རེད། བསམ་ན་དེ་ནི་དངོས་ནས་རླབས་ཆེན་རེད། ཉིན་ཞིག་ཨ་རིས་ཀྱང་དེ་ལྟར་བྱེད་སྲིད་པ་རེད། ཅེས་བརྗོད་འདུག

སྤྱི་ཚོགས་དྲ་ལམ་ཁག་ཏུ་ཊོམ་ཕུའི་སྐད་ཆ་དེ་རྩེད་མོའི་ཚུལ་དུ་བཤད་པ་ཡིན་མིན་གྱི་གླེང་སློང་མང་པོ་བྱུང་གི་ཡོད་པ་མ་ཟད། ཨ་རིའི་མཐོ་རིམ་དཔོན་རིགས་ནང་ཁུལ་དུ་ཊོམ་ཕུའི་སྐད་ཆ་དེ་ནི་ཨ་རིར་མཚོན་ན་བསམ་སྤྱོད་གང་ཐད་ནས་ཉེན་ཁ་ཆེན་པོ་ཡིན་པའི་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་འདུག ཡིན་ན་ཡང་། ཨ་རིའི་ཕོ་བྲང་དཀར་པོའི་གནད་དོན་དེའི་ཐོག་བརྡ་ལན་གང་ཡང་སྤྲད་མེད་པ་རེད།

ཨ་རིའི་སྲིད་འཛིན་ཊོམ་ཕུས་ཐེངས་མང་ལ་སྲིད་འཛིན་ཞི་ཅིན་ཕིན་ལ་བསྟོད་བསྔགས་བཏང་ཡོད་པ་དང་། ལོ་སྔོན་མའི་ཕྱི་ཟླ་ ༡༡ པའི་ནང་ཊོམ་ཕུས་ཨ་རིའི་ནེའུ་ཡོག་དུས་བབ་ལ་བྱང་ཀོ་རི་ཡའི་རྐྱེན་གྱིས་ཁོས་རྒྱ་ནག་ལ་འཇམ་པོ་བྱེད་ཀྱི་ཡོད་ལ། ཁོ་ལ་མཚོན་ན་ཚོང་འབྲེལ་ལས་དམག་འཁྲུག་ཛ་དྲག་ཆེན་པོར་བརྩི་ཡི་ཡོད་ཅེས་བརྗོད་ཡོད་པ་རེད།

གནད་དོན་དཔྱད་ཞིབ་པ་མང་པོ་ཞིག་གིས་མི་གྲངས་ས་ཡ་མང་པོའི་ཚེ་སྲོག་ཤོར་ཞིང་། ཡ་ང་བའི་དཀའ་སྡུག་གི་དུས་སྐབས་རིང་པོ་ཞིག་བརྒྱུད་རྗེས། གཞི་ནས་མི་མང་ཆེ་བས་རེ་འདོད་ཆེན་པོ་བྱས་པ་ལྟར་འཛམ་གླིང་གི་ཤར་ནུབ་གང་སར་རིམ་གྱིས་དར་ཡོང་བའི་དམངས་གཙོའི་ལམ་ལུགས་འདི་ལ་དུས་རབས་ཉེར་གཅིག་པའི་ནང་གོད་ཆག་དང་ཉམས་དམས་ཆེན་པོ་ཡོང་སྲིད་པ་བརྗོད་ཀྱི་ཡོད་པ་རེད།

སྲིད་དོན་དཔྱད་ཞིབ་ལྟར་ན། ཕྱི་ལོ་ ༢༠༠༦ བར་འཛམ་གླིང་རྒྱལ་ཁབ་ཁག་གི་བརྒྱ་ཆ་ ༦༠% དམངས་གཙོ་ཆགས་ཡོད་པ་དང་། དེའི་ཁྲོད་ཀྱི་སུམ་ཆའི་གཉིས་ལ་གུ་ཡངས་དམངས་གཙོའི་ཆ་རྐྱེན་ཚང་ཡོད་པར་ངོས་འཛིན་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༠༦ ནས་བཟུང་རང་དབང་དམངས་གཙོའི་ཁོར་ཡུག་རིམ་བཞིན་ཆུང་དུ་འགྲོ་བཞིན་པའི་ངན་བལྟས་མང་པོ་ཞིག་མངོན་གྱི་ཡོད་པའི་ནང་ནས་རྟགས་མཚན་ཆེན་པོ་ཞིག་ནི། འཛམ་གླིང་ནང་རང་དབང་དང་། དམངས་གཙོ་ཁྱབ་སྤེལ་བྱེད་པ་དེ་གལ་གནད་ཨང་དང་པོར་བརྩི་བའི་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ག་ལེར་ཕྱིར་འཐེན་གནང་བ་དེ་ཡིན་པ་བརྗོད་ཀྱི་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༠༦

Leave a Reply