ཀེམ་ཇོང་ཨན་གྱིས་གོམ་པ་དང་པོ་སྤོས།

བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་དང་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་ཆུང་བར་ཐུག་འཕྲད་ཀྱིས་དུས་ཡུན་ཆུ་ཚོད་ ༤ རིང་གྲོས་མོལ་བྱས་ཡོད་འདུག

ཁ་སང་བྱང་ཀོ་རི་ཡའི་རྒྱལ་ས་ཕོང་ཡཱང་གི་གཞུང་ལས་ཁང་དུ། ས་གནས་དེའི་ཕྱི་དྲོའི་ཆུ་ཚོད་ ༦ པ་ནས་དུས་ཡུན་ཆུ་ཚོད་ ༤ རིང་ལྷོ་ཀོ་རི་ཡའི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་མགོ་འཁྲིད་སྐུ་ཞབས་ཆོང་ཡེ་ཡོན་ལགས་ཀྱིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་། བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གྱི་གཙོས་གནད་ཡོད་མི་སྣ་བར་ཐུག་འཕྲད་ཀྱིས་གྲོས་མོལ་བྱས་ཡོད་པ་དང་། ཀེམ་ཇོང་ཨན་གྱི་ཐུག་འཕྲད་ཐོག་མ་དེ་ལྷོ་བྱང་ཀོ་རི་ཡ་ཙམ་མ་ཟད་རྒྱལ་སྤྱིའི་ཐོག་ནས་གལ་གནད་ཅན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག

སི་ཨན་ཨན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་ཐུག་འཕྲད་སྐབས་ལྷོ་ཀོ་རི་ཡའི་མཐོ་རིམ་མི་སྣ་ལྔ་གཙོའི་ལས་རོགས་མི་ལྔ་བཅས་ཁྱོན་མི་བཅུ་དང་། བྱང་ཀོ་རི་ཡ་ཕྱོགས་ནས་སྲིད་འཛིན་ཀེམ་ཇོང་ཨན་དང་ནམ་རྒྱུན་གཞུང་འབྲེལ་འདུ་འཛོམས་སོགས་ཀྱི་ཐོག་མཐོང་རྒྱུ་དཀོན་པའི་ཁོའི་བཟའ་ཟླ་རེ་སོ་ཇོ། སྲིང་མོ་ཀེམ་ཇོང་ཡོན་སོགས་ཡོད་འདུག་ལ། ད་རེས་ཀྱི་ཐུག་འཕྲད་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་གལ་གནད་ཅན་ཞིག་ཆགས་ཡོད་སྟབས། ལྷོ་ཀོ་རི་ཡ་གཞུང་གིས་ཐུག་འཕྲད་སྐབས་བྱུང་བའི་གྲོས་གཞི་ཁག་སྐུ་ཚབ་ཚོགས་ཆུང་ཕྱིར་ལོག་བྱུང་རྗེས་མ་གཏོགས་ཡོངས་བསྒྲགས་བྱ་རྒྱུ་མིན་སྐོར་བརྗོད་འདུག

ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་ཆུང་བྱང་ཀོ་རི་ཡར་མ་ཕྱིན་སྔོན་ལ་ཚོགས་ཆུང་གི་ཚོགས་གཙོ་ཆོང་ཡེ་ཡོན་(Chung Eui-yong)ལགས་ཀྱིས། ངས་ད་རེས་ཀྱི་ཐུག་འཕྲད་སྐབས་སྲིད་འཛིན་མོན་ཇེ་ཨིན་ལགས་ནས་ཀོ་རི་ཡའི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་དང་གྲོས་མོལ་རྒྱུན་སྐྱོང་བྱས་ཏེ། ཀོ་རི་ཡའི་མཐའ་ཁུལ་དུ་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུའི་ལངས་ཕྱོགས་བརྟན་པོ་ཡོད་པ་གསལ་བཤད་བྱ་རྒྱུ་ཡིན་པ་མ་ཟད། ཐེངས་འདིའི་ཐུག་འཕྲད་ཀྱི་དམིགས་ཡུལ་གཙོ་བོའང་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུའི་སྐོར་ཡིན་ལ། ཐུག་འཕྲད་འདི་ནི་ལྷོ་བྱང་ཀོ་རི་ཡའི་རྒྱལ་ཁབ་གཉིས་བར་གྲོས་མོལ་བྱས་པ་ཁོ་ན་ཙམ་མ་ཡིན་པར་མ་འོངས་པར་ང་ཚོས་ཐབས་ལམ་བརྒྱུད་དེ། བྱང་ཀོ་རི་ཡ་དང་ཨ་རིའི་བར་ལའང་གྲོས་མོལ་བྱེད་ཐུབ་པའི་འཆར་གཞི་བསྒྲིགས་ཡོད། ཅེས་སོགས་བརྗོད་འདུག

ལྷོ་ཀོ་རི་ཡར་མཚོན་ན། ད་རེས་ཀྱི་སྐུ་ཚབ་ཚོགས་ཆུང་བརྒྱུད་བྱང་ཀོ་རི་ཡ་དང་ལྷན་དུ་གྲོས་མོལ་བྱེད་ཐུབ་པ་ནི། ན་ནིང་ལྷོ་ཀོ་རི་ཡའི་སྲིད་འཛིན་འོས་བསྡུའི་སྐབས་སྲིད་འཛིན་མོན་ལགས་ཀྱི་ཁས་ལེན་ཞིག་ལག་བསྟར་བྱེད་ཀྱིན་ཡོད་པ་ཞིག་ཆགས་ཡོད་པ་དང་། བྱང་ཀོ་རི་ཡའི་ཕྱོགས་ནས་ཀེམ་ཇོང་ཨན་སྲིད་འཛིན་དུ་ཆགས་ཏེ་ལོ་ངོ་ ༧ ཕྱིན་པའི་རིང་གི་ཐུག་འཕྲད་ཐོག་མ་ཡིན་པ་མ་ཟད། ལྷོ་ཀོ་རི་ཡའི་སྐུ་ཚབ་མི་སྣ་ཞིག་བྱང་ཀོ་རི་ཡའི་གཞུང་སྒྲུབ་ཁང་དུ་འཛོམས་པ་ཐོག་མ་དེ་ཆགས་ཡོད་པ་དང་། དེ་རིང་ཉིན་རྒྱབ་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་པ་ཕྱིར་ལོག་རྗེས་ཨ་རིར་འགྲོ་འཆར་ཡོད་འདུག

ད་ལན་གྱི་ལྷོ་བྱང་ཀོ་རི་ཡའི་གྲོས་མོལ་སྐབས་གྲོས་ཆོད་ཅི་བྱུང་གསལ་པོ་མེད་ཀྱང་། ཀོ་རི་ཡའི་བརྒྱུད་ལམ་ཁག་གི་ནང་སྲིད་འཛིན་ཀེམ་ཇོང་ཨན་གྱིས་ལྷོ་ཀོ་རི་ཡའི་སྐུ་ཚོགས་ཚོགས་པར་སྣེ་ལེན་ཟབ་རྒྱས་ཞུས་པ་མ་ཟད། ལྷན་དུ་གྲོས་མོལ་འདོད་བློ་ཁེངས་པ་ཞིག་བྱས་ཏེ་གྲོས་གཞི་ཁག་ལག་བསྟར་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་སྐོར་བསྒྲགས་ཡོད་པ་དང་། ཀེམ་ཇོང་ཨན་གྱིས་ལྷོ་བྱང་ཀོ་རི་ཡའི་རྒྱལ་ཁབ་གཉིས་བསྐྱར་དུ་འགྲིག་མཐུན་ཡོང་བའི་ལོ་རྒྱུས་གསར་པ་ཞིག་འབྲི་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཐེངས་འདིའི་ཐུག་འཕྲད་དེ་ནི་ཉེ་སྔོན་ལྷོ་ཀོ་རི་ཡའི་ནང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས། ཀེམ་ཇོང་ཨན་གྱི་སྲིང་མོས་ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་ཇེ་ཨིན་ལགས་དང་ཐུག་འཕྲད་བྱས་པ་བརྒྱུད་བྱུང་བ་ཞིག་ཡིན་པ་དང་། ནམ་རྒྱུན་ཀེམ་ཇོང་ཨན་གྱིས་ཕྱིའི་རྒྱལ་ཁབ་ཁག་གི་མཐོ་རིམ་མི་སྣར་དངོས་སུ་ཐུག་འཕྲད་བྱེད་ཀྱི་མེད་ལ། འདས་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་གི་སྐུ་ཚབ་ཚོགས་ཆུང་བྱང་ཀོ་རི་ཡའི་ནང་ཕྱིན་ཡོད་ཀྱང་སྐབས་དེར་ཀེམ་ཇོང་ཨན་གྱིས་དངོས་སུ་ཐུག་འཕྲད་བྱས་མེད་ལུགས་བསྒྲགས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༠༦

Leave a Reply

One thought on “ཀེམ་ཇོང་ཨན་གྱིས་གོམ་པ་དང་པོ་སྤོས།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཕོ་ཁྲམ་པ་ཞིག་གི་བགོད་ཀྱི་བགོད་ཀྱི་བསླུ་།
    དམན་ཁྲམ་མ་ཞིག་གི་ངུ་གི་ངུ་གི་བསླུ་།