ཐུགས་རྗེ་ཆེ་ཞུའི་ལས་འགུལ་ལ་འགྱུར་བ་ཕྱིན།

བོད་མིའི་སྒྲིག་འཛུགས་ནས་གོ་སྒྲིག་གནང་བའི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་དེ་ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་བཞུགས་སྒར་དྷ་རམ་ས་ལར་སྤེལ་གནང་རྒྱུ་ཡིན་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བོད་མི་རྣམས་བཙན་བྱོལ་དུ་བསླེབས་ནས་ལོ་ངོ་ ༦༠ འཁོར་གྱི་ཡོད་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ནས་མགོ་འཛུགས་གནང་སྟེ། ཞི་བའི་གོམ་བགྲོད་དང་ཆོས་ལུགས་རིས་མེད་ལྷན་རྒྱས་སྨོན་ལམ། ཐུགས་རྗེ་ཆེ་ཞུའི་མང་ཚོགས་ཀྱི་ལས་རིམ་དང་བོད་ཀྱི་དུས་སྟོན་སོགས་ལས་རིམ་ཁག་ཅིག་བསྒྲིགས་ཡོད་ཀྱང་། ལས་རིམ་ལ་འགྱུར་བ་ཕྱིན་ཏེ་ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་བཞུགས་སྒར་དྷ་རམ་ས་ལར་སྤེལ་གནང་རྒྱུ་ཡིན་འདུག

ཐུགས་རྗེ་ཆེ་ཞུའི་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་དེའི་སྐོར་ཁ་པར་བརྒྱུད་བཀའ་འདྲི་ཞུ་སྐབས། ལས་རིམ་ལ་འགྱུར་བ་ཕྱིན་ཡོད་པ་རེད། ཕྱི་ཟླ་ ༤ ཚེས་ ༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ལས་འགུལ་སྤེལ་རྒྱུ་ཕྱིར་འཐེན་གྱིས་དྷ་རམ་ས་ལར་ཕྱི་ཟླ་ ༣ པའི་ཚེས་ ༣༡ ཉིན་སྤེལ་རྒྱུ་བྱས་ཡོད་སྐོར་གསུངས་བྱུང་།

རྒྱ་གར་ཧུན་རྡུ་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ནང་། ཐེངས་འདིའི་ལས་འགུལ་སྐབས་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མོན་མྰ་ཧྰན་སིན་(Manmohan Singh)མཆོག་དང་(BJP)ཚོགས་པའི་མཐོ་རིམ་མགོ་ཁྲིད་སྐུ་ཞབས་ཨྰ་དྷི་ཝེ་ནེ་(LKAdvani)གཉིས་མཛད་སྒོའི་སྐུ་མགྲོན་དུ་གདན་འདྲེན་ཞུས་ཡོད་ཀྱང་། ཁོང་རྣམ་པ་གཉིས་ནས་དང་ལེན་གནང་མེད་སྐོར་བརྗོད་འདུག

གནད་དོན་དེའི་ཐད་ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས། མི་ཁ་ཤས་ཀྱིས་གནད་དོན་འདིར་བློ་ཕམ་བྱུང་སྲིད་ཀྱང་། ང་ཚོ་རྒྱ་གར་གྱི་མགྲོན་པོ་ཡིན་པས་རྒྱ་གར་མི་མང་ནི་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་རེད། ང་ཚོས་བཀའ་ཁྱབ་དེར་བསམ་ཤེས་བྱེད་ཐུབ་ཀྱི་འདུག ཅེས་གསུངས་འདུག

ཉེ་སྔོན་རྒྱ་གར་དབུས་ཕྱི་སྲིད་ལས་ཁུངས་ནས་བཀོད་ཁྱབ་ཅིག་བཏང་སྟེ། དབུས་གཞུང་དང་མངའ་སྡེ་ཁག་གི་བགྲེས་ཡོལ་དང་ལས་ཐོག་མགོ་འཁྲིད་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ནང་མཉམ་ཞུགས་མི་ཆོག་སྐོར་གསུངས་ཡོད་པ་རེད། ཡིན་ནའང་། རྒྱ་གར་གཞུང་ངོས་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཞུས་པའི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མེད་པ་གསལ་པོ་ཡིན་ལ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་རྒྱ་གར་མི་མང་གི་ཆེས་གུས་བརྩི་ཞུ་སའི་མི་སྣ་ཞིག་དང་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཅིག་ཡིན་སྟབས། རྒྱ་གར་གྱི་ས་གནས་གང་ཞིག་ཏུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་ནའང་རང་དབང་ཆ་ཚང་ཡོད་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༠༦

Leave a Reply

3 thoughts on “ཐུགས་རྗེ་ཆེ་ཞུའི་ལས་འགུལ་ལ་འགྱུར་བ་ཕྱིན།

  1. གཞུང་པ་ཚེ་དབང་བསོད་ནམས་

    དོན་དངོས་གནས་ཡུལ་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་དགོས་ཀྱི་ཡོད་ན་བཙན་བྱོལ་བོད་མི་རྒྱ་གར་ནང་གནས་སྡོད་བྱེད་མཁན་མི་རེ་ནས་ཧིན་སྒོར་ལྔ་བཅུ་རེ་བསྡུས་ནས་རང་རང་གནས་སའི་ས་གནས་སུ་ཡུལ་མི་ཉམས་ཐག་དང་དབང་པོ་སྐྱོན་ཅན་དཱ་ཕྲུག་ཚོར་གྱོན་གོས་དང་ཟ་བཅའ་གནང་རྒྱུ་དེ་ཡུལ་མི་ལ་ཕན་ཐོག་པ་དང་དོན་ལ་སྨིན་པ་ཁ་ཡོད་ལག་ཡོད་ཀྱི་ཐུགས་རྗེ་ཆེ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།

  2. གཞུང་པ་ཚེ་དབང་བསོད་ནམས་

    དགྲ་ལ་ངོ་རྒོལ་ཆེད་སྒོམ་བགྲོད་།
    གཉེན་ལ་ཐུགས་རྗེ་ཆེ་ཞུ་སྒོམ་བགྲོད་།
    ད་མགོ་ཚོས་མ་སོང་ང་ཚོའི་ཆབ་སྲིད་།
    མི་ལོ་དྲུག་བཅུ་མི་ཡུལ་དུ་ལྷག་སོང་།
    དཀོན་མཆོག་མཁྱེན་།

  3. གཞུང་པ་ཚེ་དབང་བསོད་ནམས་

    གནས་ཡུལ་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུར་གོམ་བགྲོད་བྱ་
    དགོས་ཀྱི་ཡོད་པ་ཡིན་ནམ་།