ཁྱེད་ཚོ་ཚང་མར་ཤིན་ཏུ་ལྕི་བའི་འགན་འཁྲི་ཡོད་པས་སེམས་ཤུཊ་བསྐྱེད་ནས་ཤུཊ་བསྐྱོན་རོཊ།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་དུ་མགོ་འཛུགས་ཀྱིས་རང་ངོ་རང་ཤེས་དང་རང་འགན་རང་འཁུར་གྱི་འབོད་སྒྲའི་ཁྲོད་ཤེས་འཇོན་གཉིས་ལྡན་གྱི་སློབ་མ་ཉུང་བའི་རྒྱུ་རྐྱེན་སོགས་ཀྱི་སྐོར་བགྲོ་གླེང་གནང་བཞིན་འདུགཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་ཞོགས་པར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་མགོ་འཛུགས་ཀྱིས་ཉིན་གྲངས་ ༤ རིང་འཚོགས་བཞིན་ཡོད་པ་དང་། ཚོགས་འདུའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་དང་། དམིགས་བསལ་སྐུ་མགྲོན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་ལོ་རྒྱུས་དགེ་རྒན་བྱམས་པ་བསམ་གཏན་ལགས། བྷུན་ཊར་དགེ་འོས་མཐོ་སློབ་ཀྱི་ངེས་སྟོན་པ་བཀྲིས་དོན་གྲུབ་ལགས་བཅས་དང་། མཐོ་སློབ་ཁག་ ༡༨ ནས་བོད་རིགས་མཐོ་རིམ་སློབ་མ་ ༧༠ ཙམ་ཚོགས་འདུར་བཅར་ཡོད་འདུག

ཐོག་མར་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་གཙོ་ཨཱ་ཅརྱཱ་བྱམས་པ་ལྷུན་གྲུབ་ཀྱིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་སྐབས། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ཐོག་མར་ཕྱི་ལོ་ ༢༠༠༦ ལོར་དབུ་བརྙེས་པ་དང་། འདིའི་དགོས་དམིགས་གཙོ་བོ་ནི་ཕྱོགས་མཐའ་ཁག་ཏུ་ཁ་འཐོར་དུ་ཡོད་པའི་སློབ་མ་དག་མཉམ་གནས་མཉམ་འཛོམས་ཡོང་ཆེད་ཡིན་པ་དང་། དེ་ནས་རིམ་པའི་འགན་འཁྲི་དང་འབྲེལ་བའི་བགྲོ་གླེང་གཏམ་བཤད་གནང་རྒྱུ་བྱུང་བ་རེད། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ཉིད་ལ་འབོད་སྒྲ་གཉིས་ཡོད་པ་ནི། རང་ངོ་རང་ཤེས་དང་། རང་འགན་རང་འཁུར་ཡིན། ད་ལོ་འདིར་ཝཱཎ་བོད་ཀྱི་གཙུག་ལག་སློབ་ཁང་གིས་གོ་སྒྲིག་ཞུ་ཡི་ཡོད་པ་རེད། ད་ལོའི་ཚོགས་ཆེན་འདིར་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་མཆོག་གིས་དགོངས་པ་ཆེ་བཞེས་ཐོག་རྒྱབ་སྐྱོར་མཐུན་འགྱུར་གནང་བ་དང་། གཞན་འགྲོ་གྲོན་ཕྱེད་ཀ་ཙམ་དབྱར་ཁའི་གུང་སེང་སྐབས་ཕྱོགས་མཐའ་ཁག་ནས་ཞལ་འདེབས་བསླངས་པ་རེད། ཅེས་བརྗོད་འདུག

དེའི་རྗེས་དམིགས་བསལ་སྐུ་མགྲོན་ལོ་རྒྱུས་རྒན་བྱམས་པ་བསམ་གཏན་ལགས་ཀྱིས། མ་འོངས་པའི་བོད་རྒྱལ་ཁབ་དེ་གང་འདྲ་ཞིག་ཆགས་མིན་མཐོ་རིམ་སློབ་གཉེར་བ་རྣམས་ལ་རག་ལས་ཀྱི་ཡོད་པས་མཐོ་རིམ་སློབ་གཉེར་བ་རྣམས་ནི་ཤིན་ཏུ་ནས་གལ་ཆེ་བའི་མི་རབས་ཤིག་ཆགས་ཡོད། བརྗོད་གཞི་འདེམས་སྟངས་ཐད་ཤིན་ཏུ་ཡག་པོ་འདུག་ལ་དེ་དག་མདོར་བསྡུས་ན་ཤེས་ཡོན་དང་འགན་འཁྲི་གཉིས་སུ་བསྡུ་ཐུབ་ཀྱི་ཡོད་ཅེས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་གསུངས་པ་ལྟར་རེད། ཁྱེད་ཚོ་ཚང་མར་ཤིན་ཏུ་ལྕི་བའི་འགན་འཁྲི་ཡོད་ཅིང་། འདིར་ཉིན་ཤས་བཞུགས་པའི་རིང་སེམས་ཤུགས་བསྐྱེད་ནས་ཤུགས་བསྐྱོན་དགོས་ལ་ཕར་ས་གནས་ས་ཐོག་སོ་སོར་ཕེབས་ནས་ཀྱང་མི་གཞན་ལ་ཡང་འགྲེལ་བརྗོད་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེན། ཞེས་བརྗོད་ཡོད་པ་རེད།

དེ་ནས་བོད་ཀྱི་ན་གཞོན་ཚོར་འཐབ་རྩོད་ཀྱི་འགན་ཁུར་ཆེན་པོ་ཡོད་ཅེས་པའི་བརྗོད་གཞིའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། དེང་སྐབས་མི་རིགས་དང་རྒྱལ་ཁབ་ཀྱི་འཐབ་རྩོད་པ་རྣམས་ནི་ན་གཞོན་དེ་ཚོ་ཆགས་བསྡད་ཡོད་པ་རེད། དཔེར་ན། ཧོང་ཀོང་གི་ཉི་གདུགས་གསར་བརྗེ་དང་ཐའེ་ཝན་གྱི་ཉི་དགའ་མེ་ཏོག་གི་གསར་བརྗེ་སོགས་ཀྱི་སྣེ་འཁྲིད་པ་དང་མཉམ་ཞུགས་མཁན་དག་ནི་གཞོན་སྐྱེས་རྐྱང་རྐྱང་ཡིན་པ་ལྟ་བུ་རེད། དེང་སྐབས་བོད་ཀྱི་སྤྱི་ཚོགས་འདིར་དངོས་ཡོད་གནས་ཚུལ་ལ་བསམ་བློ་མ་བཏང་བར་རང་བཙན་དང་དབུ་མ་ཞེས་ལྟ་ཚུལ་ལོག་པ་འཛིན་བཞིན་ཡོད། དེ་ནི་ཧ་ཅང་ནོར་འཁྲུལ་ཆེན་པོ་རེད། རང་བཙན་ནི་ང་ཚོའི་བདག་དབང་དང་ཐོབ་ཐང་ཡིན་ལ། དབུ་མ་ནི་སྲིད་ཇུས་ཤིག་རེད། ཅེས་སོགས་བརྗོད་ཡོད་པ་རེད།

ཐེངས་འདིའི་ཉིན་གྲངས་ ༤ རིང་གི་ཚོགས་ཆེན་ཐོག་ཚོགས་ཞུགས་པ་རྣམས་ཀྱིས་མཐོ་རིམ་སློབ་མའི་ཁྲོད་ནས་ཤེས་འཇོན་གཉིས་ལྡན་གྱི་སློབ་མ་ཐོན་མཁན་ཉུང་བའི་རྒྱུ་རྐྱེན་དང་། མི་མང་གི་རྣམ་དཔྱོད་དང་སྤྱི་སེམས་ནི་ཆིག་སྒྲིལ་གྱི་རྩ་བ་ཡིན་པ། གནའ་དེང་གི་ཉམས་ཞིབ་ཐབས་ལམ་གྱི་མཚུངས་བསྡུར། དེང་དུས་བོད་ཀྱི་བུད་མེད་ཀྱི་ཤེས་ཡོན་གྱི་གནས་སྟངས་དང་འགན་འཁྲི། ལྔ་དང་ལྔ་བཅུའི་འཆར་སྣང་གི་སྐོར། དེ་བཞིན། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལྟ་བའི་བྱུང་རིམ་དང་དགེ་མཚན། ཆོལ་ཁའི་སྤྱི་འཐུས་ལས་ས་གནས་སྤྱི་འཐུས་འདེམས་ན་དགེ་མཚན་ཆེ་མིན་གླེང་བ། རིག་གནས་ནང་འདྲེན་གྱི་གལ་གནད་དང་ལོ་ཙཱ་བ་གསོ་སྐྱོང་བྱེད་ཐབས། རྒྱ་གར་སྤྱི་ཚོགས་ཁྲོད་བོད་དོན་གོ་རྟོགས་སྤེལ་ཐབས། གཞིས་ཆགས་ཁག་གི་གནས་སྟངས་དང་བོད་ཀྱི་རྩ་དོན་བར་གྱི་འབྲེལ་བ། བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་དང་མ་འོངས་པའི་རྩ་དོན་བར་གྱི་འབྲེལ་བ། བོད་མི་ཕོན་ཆེ་ནུབ་ཕྱོགས་རྒྱལ་ཁབ་ཏུ་འགྲོ་བ་དེས་མ་འོངས་བོད་མིའི་སྒྲིག་འཛུགས་ཀྱི་སྲ་བརྟན་ལ་ཉེན་ཚབས་འབྱུང་མིན་གྱི་སྐོར་སོགས་ཤེས་ཡོན་དང་རྩ་དོན། འགན་འཁྲི་བཅས་དང་འབྲེལ་བའི་བརྗོད་གཞི་མི་འདྲ་བ་ ༡༤ ཐོག་བགྲོ་གླེང་དང་གྲོས་ཆོད་འཇོག་རྒྱུ་ཡིན་འདུག

བསྐྱར་བཅོས།: ༢༠༡༨/༠༣/༠༧

Leave a Reply