འདི་ལོ་ནས་གཏེར་ཁ་འབོར་ཆེན་སྔོག་པའི་མགོ་འཛུཊ་རྒྱུ་ཡིན།

མཚོ་སྔོན་ཞིང་ཆེན་རྒྱལ་དབང་ས་ཞིང་ཐོན་ཁུངས་ཁང་ཟེར་བ་ཞིག་གིས་ཕྱི་ལོ་ ༢༠༡༨ ལོ་ནས་ཞིང་ཆེན་དེའི་ནང་རྒྱལ་ཁབ་ཀྱི་གལ་ཆེན་རིམ་པའི་ཐོན་ཁུངས་ཆེ་ཤོས་འཛུགས་པའི་ཐབས་ཇུས་གང་མགྱོགས་མགོ་བརྩམ་རྒྱུ་ཡིན་ལུགས་བརྗོད་འདུག

ཉེ་བའི་ལོ་འགའི་ནང་མཚོ་སྔོན་ཞིང་ཆེན་གྱི་གཏེར་རིགས་སྔོག་འདོན་ཁུལ་མང་པོ་ཞིག་མཚམས་འཇོག་གི་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཉིན་ཤས་སྔོན་མཚོ་སྔོན་ཞིང་ཆེན་རྒྱལ་དབང་ས་ཞིང་ཐོན་ཁུངས་ཀྱི་དམར་ཤོག་དྲུང་ཆེ་དབྱང་རུའུ་ཁུན་ཟེར་བ་ཞིག་གིས། ཕྱི་ལོ་ ༢༠༡༨ ལོར་མཚོ་སྔོན་ཞིང་ཆེན་གྱིས་ཁྲའར་ཧན་ཅཱ་ཚྭ་དང་། ཚྭ་འདམ་གཞོང་གི་སྣུམ་རླངས་ཐོན་ཁུངས། གསེར་ཆེན་དང་ཁྲི་ཀའི་གཞོང་སའི་ས་ཚན་ཐོན་ཁུངས། དབྱི་ལི་ཕིན་དང་ཏུང་ཐའེ་ཡི་ལིས་གཏེར་ཁུངས་སོགས་རྒྱལ་ཁབ་ཀྱི་གལ་ཆེན་རིམ་པའི་ཐོན་ཁུངས་ཆེ་ཤོས་འཛུགས་གཉེར་གྱི་འཐབ་ཇུས་མགྱོགས་པོར་ལག་བསྟར་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

མཚོ་སྔོན་ཞིང་ཆེན་རྒྱལ་དབང་ས་ཞིང་ཐོན་ཁུངས་ཁང་གིས་སྡོམ་རྩིས་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ནང་རྒྱ་སྒོར་དུང་ཕྱུར་ ༡༠༤.༥༦ ཡོད་པའི་གཏེར་ཁུངས་ཀྱི་རིན་ཐང་ཁྲོད་དུ། བ་ཚྭ་དང་ཟེ་ཚྭ། ལིས་གཏེར། ཅཱ་ཚྭ། རྨེ་ཚྭ་སོགས་ཚྭ་མཚེའུ་ཡི་གཏེར་ཁུངས་རིགས་ ༡༡ ལ་མི་མངོན་རིན་ཐང་ཁྱོན་རྒྱ་སྒོར་དུང་ཕྱུར་ ༩༩.༡༥ ཡོད་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་གཏེར་ཁུངས་ཀྱི་མི་མངོན་སྤྱིའི་རིན་ཐང་གི་བརྒྱ་ཆ་ ༩༤.༨༣ ཟིན་ཡོད་འདུག

ཡང་དབྱང་རུའུ་ཁུན་ཟེར་བ་དེས། ད་ཆ་རྒྱལ་ཁབ་ཀྱིས་གྲབས་གསོག་རྟེན་གཞི་མཚོ་སྔོན་གྱི་ཐོ་ཐོ་གཙང་བོའི་ཞ་དང་། ཏི་ཚའི་གཏེར་ཁུངས་ཏུན་ཁྲི་སྟོང་རིམ་པ་ཅན་ཞིག་ཆགས་སྒང་ཡིན་ལ། ཁུ་ནུ་ཤར་མའི་རྡོ་ཞུན་རིགས་ཀྱི་ཟངས་ནིག་གཏེར་ཁུངས་འཚོལ་བའི་བར་སྟོང་སྔར་བས་རྒྱ་བསྐྱེད་དང་། ཚྭ་འདམ་གཞོང་དང་དེའི་མཐའ་འཁོར་དུ་ཉར་བའི་ཅཱ་ཚྭ་དང་། གསེར། རྡོ་ནག་གི་གཏེར་ལ་རྟོག་བཤེར་ལེགས་པོ་བྱེད་བཞིན་ཡོད་སྟབས། ཐོན་ཁུངས་ཀྱི་ཕུགས་ཡག་པ་གསལ་ཁ་ཆོད་པའི་གཏེར་ས་དག་མྱུར་དུ་ཁྲོམ་རར་སྦྲེལ་ནས་སྔོག་འདོན་གྱི་ལམ་དུ་ཞུགས་རྒྱུ་ཡིན་སྐོར་བསྒྲགས་འདུག

ལོ་ཤས་གོང་དུ་འདི་གའི་གསར་འགོད་པས་བོད་ནས་གསར་དུ་འབྱོར་ཞིང་ཕ་ཡུལ་མཚོ་སྔོན་ནས་ཡིན་པའི་བོད་མི་ཞིག་ལ་མཚོ་སྔོན་ཞིང་ཆེན་གྱི་གཏེར་ཁ་སྔོན་འདོན་སྐོར་ལ་བཅར་འདྲི་ཞུ་སྐབས་ཁོང་གིས། རྒྱ་ནག་གཞུང་གིས་གཏེར་རིགས་བརྟག་དཔྱད་རུ་ཁག་ཆེད་གཏོང་གིས་ཕྱི་ལོ་ ༡༩༨༥ ཙམ་ནས་བཟུང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་དང་། དར་མཚོ་རྫོང་གསེར་ཁོག་ས་ཆར་གཏེར་རིགས་བརྟག་དཔྱད་བྱས་ཏེ་གཏེར་ཁ་སྔོག་འདོན་དངོས་སུ་མགོ་བརྩམས་ཡོད་པ་དང་། སྐབས་དེར་རྒྱ་རིགས་དང་ཁ་ཆེ་གཙོ་བོར་གྱུར་བའི་གཏེར་ལས་ཆེད་མཁས་པ་ ༡༠༠ ལྷག་དང་། རིམ་པ་གཉིས་པའི་ལག་རྩལ་པ་ ༨༠༠། རིམ་པ་གསུམ་པའི་ལས་བཟོ་བ་ ༢༥༠༠ ཙམ་ཡོད་པ་དང་། ཉིན་རེར་རྒྱ་སྒོར་ཁྲི་ ༤༠༠ ནས་ ༥༠༠ བར་གྱི་གཏེར་རྫས་སྐྱེལ་འདྲེན་བྱེད་ཀྱིན་ཡོད་ལུགས་ས་གནས་མང་ཚོགས་ཀྱིས་གོ་ཐོས་བྱུང་སྐོར་བརྗོད་བྱུང་།

གཞན་ཡང་། མཚོ་སྔོན་ཞིང་ཆེན་རྒྱལ་དབང་ས་ཞིང་ཐོན་ཁུངས་ཁང་ཟེར་བ་དེས་ཉེ་བའི་ལོའི་ནང་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་མགོ་ཁུངས་དང་། མདོ་ལ་རི་བོའི་མངའ་ཁོངས་ཀྱི་གཏེར་ཁུངས་རྟོག་བཤེར་དང་སྔོག་འདོན་གྱི་ལས་ཡོངས་སུ་མཚམས་བཞག་ཏེ། རྟོག་བཤེར་གྱི་འབེན་དེ་ཚྭ་འདམ་གཞོང་དང་དེའི་མཐའ་འཁོར་དུ་གཏད་ཡོད་སྐོར་བརྗོད་འདུག་ལ། ཉེ་བའི་ལོ་འགའི་ནང་མཚོ་སྔོན་ཞིང་ཆེན་གྱི་གཏེར་རིགས་སྔོག་འདོན་ཁུལ་མང་པོ་ཞིག་མཚམས་འཇོག་གི་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། མཚོ་ལྷོ་ཁུལ་གྱི་གསེར་ཆེན་རྫོང་དང་ཆབ་ཆ་གྲོང་བརྡལ་གྱི་རྡོ་ཀ་མ་རུ་པའི་གཏེར་ཁ་སྔོག་འདོན་མཚམས་མ་བཞག་པར་མུ་མཐུད་གསང་རྒྱ་བྱས་ཏེ་སྔོག་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་བཞིན་བོད་ཁུལ་གྱི་ས་ཆ་གཞན་མང་པོར་གནས་རི་སོགས་སུ་གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་གྱིས་ཡུལ་མི་མང་པོས་ཞི་བའི་ངོ་རྒོལ་བྱས་པ་དང་། ཡུལ་མི་དང་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་བ་དང་མི་མང་འཛིན་བཟུང་བྱས་པའི་གནས་ཚུལ་བསྟུད་མར་བྱུང་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༨/༠༣/༠༧

Leave a Reply

2 thoughts on “འདི་ལོ་ནས་གཏེར་ཁ་འབོར་ཆེན་སྔོག་པའི་མགོ་འཛུཊ་རྒྱུ་ཡིན།

  1. གཞུང་པ་ཚེ་དབང་བསོད་ནམས་

    ས་ནོར་བུ་གཏེར་གྱི་བང་མཛོད་ལ་།
    ཕོ་ལས་འཕྲོ་ཅན་ལ་དངོས་སྒྲུབ་སྦྱིན་།
    ལས་བསགས་པ་མེད་པའི་མི་རྣམས་ལ་།
    སྡུག་དཀའ་ལས་རྒྱབ་པ་སྟོང་རྒྱུགས་ཙམ་།
    དེ་འཇིག་རྟེན་འཁོར་བའི་ཆོས་ཉིད་རེད་།

  2. གཞུང་པ་ཚེ་དབང་བསོད་ནམས་

    ཚན་རྩལ་རིག་པས་སྤྱི་ཚོགས་འགན་འཁུར་དང་།
    རྙིང་ཞེན་རིག་པས་སྤྱི་ཚོགས་འགན་འཁུར་གཉིས་།
    གནམ་ས་ལྟབུའི་བར་ཁྱད་ཆེ་ན་ཡང་།
    རིག་པས་དཔྱད་ན་ཚན་རྩལ་རྗེས་སུ་འབྲང་།