ནང་སྲིད་བཀའ་བློན་ལགས། དྲི་བ་གཅིག་ཡོད།

 ལྷ་རུའི་བུ།

བདག་གི་སེམས་ལ་དྲི་བ་གཅིག་ཡོད། དྲི་བ་དེ་ལོ་མང་སྔོན་ནས་རྒྱུ་གཅིག་དང་རྐྱེན་སྣ་ཚོགས་ལ་བརྟེན་ནས་སེམས་ལ་ཡང་ཡང་འཁོར། ངས་དྲི་བ་དེ་གཞིས་ཆགས་གཅིག་པའི་བོད་མི་ཚོར་བཤད་འདོད་ནའང་། ཉན་མཁན་མེད་ལ་ཉན་ཡང་མོས་མཐུན་བྱེད་མཁན་དཀོན་སེ་གདའ། ངའི་རང་ཉིད་ཀྱི་དྲི་བ་དེ་བོད་མི་རིགས་དང་། ཁྱད་པར་བཙན་བྱོལ་སྒྲིག་འཛུགས་ཀྱི་ལྟ་བ་ལངས་ཕྱོགས་བཅས་ལ་རྒྱབ་འགལ་མེད་པར་དགོངས་པ་དང་མཐུན་པ། དེ་བཞིན་ངེད་ཅག་གི་རླབས་ཆེན་གྱི་སྒྲིག་འཛུགས་དེའི་དཔུང་རྩ་བརྟན་དུ་གཏོང་ཐབས་ཤིག་ཡིན་སྙམ་སྟེ། ཕྱོགས་དང་མཚམས་གང་ནས་མནོ་བསམ་བྱས་ཀྱང་སེམས་ངོགས་ནས་དྲི་བ་དེ་ནམ་ཡང་དེ་མུར་འདོར་མི་ཐུབ་པའི་ཚོར་འདུ་ཞིག་འདུག འོན་ཀྱང་འདི་འདྲ་ཞིག་ཡིན་དང་མིན། དེང་སང་ང་ལ་ཕྱིའི་གནོན་ཤུགས་ཀྱིས་བདག་གི་བསམ་བློར་ཐེ་ཚོམ་གྱི་མྱུ་གུ་ཆར་རྗེས་ཀྱི་ཤ་མོ་ལྟར་གཅིག་བརྡོལ་གཉིས་བརྡོལ་རེད། མང་པོ་ཞིག་གིས་དེ་རིང་རྩོམ་ཡིག་གི་ལམ་ནས་བཤད་ན་ང་ལ་མི་དགའ་བ་དང་། ལྐོག་ལྐོག་སུད་སུད་ལ་ཚིག་གི་མདའ་མོ་འཕེན་མཁན་མང་པོ་ཡོང་གི་རེད་ཅེས་བཤད་དེ། སེམས་ནས་འཕར་ལྡིང་བྱེད་བཞིན་པའི་དྲི་བ་དེ་རང་མལ་དུ་འཇགས་དགོས་པའི་ཁ་བརྡ་དང་སློབ་གསོ་བྱེད་ཀྱི་འདུག ངས་འདི་འདྲའི་གནད་དོན་ཕྱིན་ཅི་ལོག་པ་ཞིག་རང་སེམས་ལ་འཁོར་གྱི་ཡོད་པ་ཡིད་ཆེས་དང་དོགས་པ་ཕྲ་མོ་ཙམ་ཡང་མེད། ང་ནི་ང་རང་ལ་ཡིད་ཆེས་དང་། ང་ནི་ང་རང་གི་བསམ་བློ་དེ་རྟག་ཏུ་དྲང་ཕྱོགས་ལ་མོས་པ་དང་། དྲང་བདེན་ལ་ཁ་ཁོག་དབྱེར་མེད་ཀྱིས་རྒྱབ་སྐྱོར་བྱེད་ཕོད་མཁན་ཞིག་ཡིན་པ་དྲན་གྱི་ཡོད། འོ་ན་དྲི་བ་དེ་ཅི་རེད། ཅིའི་ཕྱིར་གཞན་དང་གཞན་གྱིས་ཁྲོམ་བསྒྲགས་མི་ཐུབ་པ་དང་། ཐུབ་ཀྱང་གཞན་གྱིས་རྒྱབ་སྐྱོར་བྱེད་མི་ཕོད་པ་ཆགས་པ་རེད་དམ། ད་ནི་དེ་རིང་དུས་ལ་འབབ་མིན་མི་ཤེས་ཀྱང་། མི་སྡེ་གཅིག་དང་ཕུགས་ཀྱི་ཁེ་ཕན་ལ་སྨན་པ་ཞིག་འབྱུང་ན་ཅི་མ་རུང་སྙམ་ནས་ཕན་པའི་ལྷག་བསམ་དཀར་པོ་སེམས་ཀྱི་གཞི་ལ་བཟུང་སྟེ། བཙན་བྱོལ་སྒྲིག་འཛུགས་ཀྱི་སྔར་བྱས་མཛད་བཟང་ལ་མོས་གུས་ཀྱི་བསམ་པ་ཡིད་ལ་དྲན་པའི་སྒོ་ནས་དོན་དངོས་ལ་འཇུག་པར་བྱ་རྒྱུ་ཡིན།དྲི་བ་དེ་ནི་ལ་དྭགས་བསོད་ནམས་གླིང་གི་གཞིས་ཆགས་ཀྱི་ས་ཆའི་གནད་དོན་དང་འབྲེལ་ནས་ཡོད། ལོ་རེ་ནས་ལོ་རེར་དབུས་ཀྱི་སྒྲིག་འཛུགས་དང་། ས་གནས་ཀྱི་གཞིས་ཆགས་ལས་ཁུངས་ནས་གཞིས་ཆགས་ཀྱི་ས་ཆ་ཕྱི་མི་ལ་བཙོང་མི་ཆོག་པའི་འབོད་སྐུལ་ཡིག་ངག་གཉིས་ཐོག་ནས་གནང་གི་ཡོད་ནའང་། འབོད་སྐུལ་དེ་དག་ནི་མཐའི་རྒྱ་མཚོ་ཆེན་མོར་རྡེའུ་འཕངས་པ་ཇི་བཞིན་ནུས་པ་ཅི་ཡང་ཐོན་མེད། ད་ལྟ་གཞིས་ཆགས་ཀྱི་ཞིང་ས་བརྒྱ་ཆ་ལྔ་བཅུ་ལྷག་ཙམ་བཙོངས་ཟིན་འདུག་ཟེར་ན་ནོར་བ་ཅི་མེད་པའི་ཚོད་རེད། སྤྱིར་གཞིས་ཆགས་ལ་བོད་མིའི་གྲངས་འབོར་དེ་བདུན་སྟོང་ཡས་མས་ཤིག་ལས་མེད་ནའང་། རྒྱ་གར་གཞུང་དམངས་གཉིས་ཀྱིས་༧རྒྱལ་བ་དོན་གྱི་བདག་པོའི་རླབས་ཆེན་གྱི་ཐུགས་སྟོབས་དང་དཔག་པར་དཀའ་བའི་གཟི་བརྗིད་ལ་དགོངས་ནས། གཞིས་ཆགས་འདིའི་མི་རབས་དང་པོ་རྣམས་ཀྱི་མཚན་ཐོག་ལ་འཚོ་རྟེན་ཁོ་ན་ལ་དམིགས་ནས་ས་ཆ་གཡར་གཏོང་བྱས་ཡོད་པ་བདག་གིས་བརྗོད་མི་དགོས་པར་ཀུན་གྱི་ཡིད་ཀྱི་ནམ་མཁའ་གཡའ་དག་ལ་ཀུན་གསལ་ཉི་མའི་དཀྱིལ་འཁོར་ལྟར་རེད། ད་ལྟ་བཀའ་དྲིན་ཅན་གྱི་མི་རབས་དང་པོ་རྣམས་གཅིག་ཟད་གཉིས་ཟད་ལ་འགྱུར་བཞིན་པའི་སྐབས། རྗེས་ཀྱི་མི་རབས་ཀླད་ཆུང་སྤོབས་པ་རི་རབ་ལྷུན་པོ་ལས་ཆེ་བ་དེ་དག་གིས་དངུལ་འབའ་ཞིག་ལ་རྔམ་ནས་རང་གཞན་གཉིས་ཕུང་གི་ལས་ཚབས་པོ་ཆེ་ཞིག་བསགས་དང་གསོག་བཞིན་པ་མངོན་སུམ་མཐོང་ཆོས་སུ་གདའ། དེའི་ཁྲོད་ལ་ཅི་ཡང་མི་ཤེས་པའི་ཤེས་རྨོངས་ཅན་མང་པོ་ཡོད་པ་མ་ཟད། གཞིས་ཆགས་ཀྱི་ཁ་དྲག་མི་དཔོན་ང་ཡིན་ཁོ་མིན་ཟེར་མཁན་ཡང་འདུག ད་དུང་ཁ་གསལ་ཙམ་བཏང་ན། ཚེ་འདིའི་འཇིག་རྟེན་འགྲོ་ལུགས་དང་། ཕྱི་མ་དམ་པའི་ཆོས་ཀྱི་ལུགས་སྲོལ་གང་ལའང་རྔོ་མི་ཐོགས་པའི་བླུན་པོ་ཐ་ཤལ་གྱི་བྱ་བྱེད་གཉེར་མཁན་དེ་དག་གི་ཁྲོད་དུ། མི་མང་དཀྱུས་མ་སྟ་ཅི། དེ་སྔོན་ས་གནས་གྲོས་ཚོགས་ཀྱི་འཐུས་མི་དང་། བརྒྱ་ཤོག་གི་བརྒྱ་དཔོན་དང་བཅུ་དཔོན་སོགས་རང་དོན་ཁོག་བཅུག་དང་། རང་དོན་འགྲུབ་ན་ཆ་ལུགས་ངན་ནའང་ངན་ཤོད་མཁན་གྱི་ཁ་དཔོན་སོགས་སྤྱི་མིའི་མིང་བྱང་འཁྱེར་མྱོང་མཁན་ཡང་ཉུང་ཉུང་ཞིག་མ་རེད་འདུག ཡ་ང་ལ་ཡིད་སྐྱོ་དགོས་པའི་བྱ་སྤྱོད་དེས། དེང་སང་ས་གནས་རྒྱ་གར་དཔོན་རིགས་དང་ཡུལ་མིས་བོད་མིའི་ཐོག་ལྟ་སྟངས་སྔར་ལས་སྡུག་ཏུ་ཕྱིན་ཡོད་པ་གསལ་པོ་འདུག

ད་དུང་ཉན་མི་འདོད་པ་དང་བཤད་མི་འདོད་པའི་སྐད་ཆ་འགའ་ཕྱིན་ཆད་ཚུལ་མཐུན་སྤང་བླངས་ཀྱི་དགོས་པ་ལ་བསམས་ནས། འདིར་ཀུན་གྱི་དཔྱད་གཞིའི་ས་བོན་ཙམ་དུ་བརྗོད་ན། ས་ཆའི་བདག་པོ་དངོས་དེ་ལྔ་ལམ་དུ་གཤེགས་ཟིན་རྗེས། དེའི་ཚ་བོ་དང་ཚ་མོ། མག་པ་དང་མནའ་མ་སོགས་ཀྱིས་ཕྱི་མིར་ཕམ་བཙོངས་བྱས་ནས་ཕྱི་རྒྱལ་ལ་སྐྱོད་མཁན་ཡོད་འདུག་ལ། ལ་དྭགས་ཀྱི་གཞིས་ཆགས་བཞག་སྟེ་གཞིས་ཆགས་གཞན་ལ་གནས་སྤོ་མཁན་ཡང་བྱུང་འདུག ད་དུང་ངུ་བྲོ་བའི་སྐད་ཆ་ཧ་སང་དགོས་པ་ཞིག་ལ་རང་ཉིད་བསྡད་སའི་ཁང་པ་དང་། ཕ་མའི་ཞིང་ས་དག་མིར་ཕར་བཙོངས་ནས་རང་དང་རང་གི་བཟའ་མི་བུ་ཕྲུག་རྣམས་ཀྱིས་གཞན་གྱི་ཁང་པ་གླས་ནས་བསྡད་མཁན་ཡང་འདུག དེ་དག་ལས་གཅིག་གིས་ད་ལྟ་རང་ཉིད་དང་རང་གི་བུ་ཕྲུག་མིང་སྲིང་བཞི་ཡོད་པ་དེ་དག་ལམ་ཟུར་གྱི་ཁང་པ་ཆུང་ཆུང་ཁྲུས་ཁང་སོགས་ཉེར་མཁོའི་མཐུན་རྐྱེན་གང་ཡང་མེད་མཁན་ཞིག་ཏུ་བསྡད་དེ། རྒྱ་ཆེ་ལ་སྤུས་ཀ་བཟང་བའི་ཞིང་ས་ལོ་མང་བེད་མེད་སྟོང་པར་བཞག་ནས་ཡོད་པ་དེ། ཉིན་ཤས་སྔོན་ཕྱི་མིར་བཙོངས་ཟིན་པ་བདག་གི་དངོས་སུ་ཤེས་རྟོགས་བྱུང་། མ་གཞི་མི་དེ་དག་གིས་རང་རེའི་བོད་མིའི་སྒྲིག་འཛུགས་སྟ་ཅི། དབུས་སའི་རྒྱ་གར་ཁྲིམས་ཀྱིས་རང་ཉིད་ལ་ཅི་ཡང་བྱེད་མི་ཐུབ་སྟེ། ས་ཆ་གང་དེ་གང་ལ་བདག་པའི་མི་དངོས་ནི་འཇིག་རྟེན་ཕྱི་མར་གཤེགས་ཟིན་པས། ཁྲིམས་ཇི་ལྟར་བཙན་ཡང་། ཤི་ཟིན་པའི་གང་ཟག་ཅིག་ཁྲིམས་རར་ཅི་ལྟར་འདེད་ཐུབ། ང་ལ་ནི་དགོས་པའི་དངུལ་ནི་ཐོབ། ས་ཆའི་བདག་པོ་དངོས་ནི་ང་མིན། འབྱུང་འགྱུར་གྱི་དུས་ཚོད་ནང་ཅི་ཡང་བྱ་མི་ཐུབ་པ་བཅས་རྩིས་ངན་ཁོག་བརྒྱག་བྱེད་ཀྱི་ཡོད་པ་འདྲ། དེ་སྔོན་ལོ་ངོ་བཅུ་ཕྲག་གཅིག་ལྷག་ཙམ་སྔོན། བོད་མི་བཙན་བྱོལ་བ་ཚོའི་བསྡད་སའི་གཡས་གཡོན་ལ་བོད་མི་ཁེ་གཙང་ལས་དེ་མིན་གྱི་མི་རིགས་གཞན་ཧ་ལམ་མེད་པ་ལྟ་བུ་རེད། དེས་ཆུ་སོགས་ཀྱི་དཀའ་ཚེགས་ཆེ་ཕྲ་ཆུང་གསུམ་ཅི་བྱུང་ཡང་སྟབས་བདེའི་སྒོ་ནས་ཐག་གཅོད་ཐུབ་ཀྱི་ཡོད་པས། གཞིས་ཆགས་ལས་ཁུངས་དང་། གྲོང་སྡེ་སོ་སོར་ཐུན་མོང་གི་སྒྲིག་འཛུགས་ལ་དབང་ཚད་ཀྱང་གང་ལ་གང་འཚམས་ཆེན་པོ་དང་སྟབས་བདེ་ཡོད་པ་རེད། ད་ནི་འདི་འདྲ་ཞིག་ག་ལ་ཡོད། གཞིས་ཆགས་ཀྱི་ཞིང་སའི་ཁྲོད་ཕྱི་མིའི་གྲངས་འབོར་ཤུགས་ཆེ་བས། ལས་དོན་ཅི་དང་གང་ལ་དཀའ་ཚེགས་རང་བཞིན་གྱི་རྣམ་པ་སྔར་ལས་མངོན་གསལ་དོད་པ་དང་ཤུགས་ཆེ་རུ་ཕྱིན་ཡོད། ལྷག་དོན་དབྱར་དུས་གྲོང་སྡེ་བཅུ་གཉིས་ཀྱི་ཞིང་བདག་ཁྱིམ་ཚང་ཕལ་ཆེ་བར་ཞིང་ཆུའི་ཐོག་དཀའ་ཚེགས་ཆེ་ཁར།   བོད་མི་ནང་ཕན་ཚུན་དབར་མཐུན་སྒྲིལ་དམ་ཚིག་ལ་གོད་ཆག་ཡང་ཡང་ཡོང་གི་ཡོད།

ད་དུང་ཡིད་སྐྱོ་བའི་གནད་དོན་ཞིག་ལ། གཞིས་ཆགས་ཀྱི་མི་རབས་སྔོན་མ་ཚོས་ཉིན་མཚན་དབྱེར་མེད་དང་དཀའ་ཚེགས་བརྒྱ་ཕྲག་བྱས་པའི་མཇུག་འབྲས་སུ། སྤྱི་ལེ་བཅུ་ཕྲག་གཉིས་མ་ཟིན་ཙམ་ཡོད་པའི་ཞིང་ཆུ་འདྲེན་སའི་ཡུར་བ་སྤུས་ལེགས་ཤིག་གྲུབ་ཡོད། དེར་བོད་མི་ཚོས་ལོ་ལྟར་དཔྱིད་ཟླ་དང་པོའི་ནང་ས་ཆུ་དྲོད་ཀྱིས་ཟིན་སྐབས། མཉམ་ལས་ཀྱིས་ཡུར་ལས་གཙང་བཟོ་བྱེད་ཀྱི་ཡོད། ད་ལྟ་ཡང་མུ་མཐུད་བྱས་དང་བྱེད་བཞིན་པའི་ལོ་རེའི་བྱེད་སྒོ་ཞིག་ཡིན། ད་ལྟ་དེར་སྔོན་ཆད་དང་མི་འདྲ་བའི་དཀའ་ཚེགས་གང་ཞིག་ཡོད་བཤད་ན། ད་ཆ་ཡུར་ཆུ་བེད་སྤྱོད་བྱེད་མཁན་གྱི་ཁྲོད་ལ་བོད་མི་ཙམ་མ་ཟད། ཡུལ་མི་ཡང་ཡོད་སྟབས་ཡུར་ལས་གཙང་བཟོའི་དུས་ལ་ཁོང་ཚོ་ཡང་ཡོང་དགོས་པ་ཆོས་ཉིད་ཡིན་ཀྱང་། དེ་ལྟར་ཡོང་ཐུབ་ཀྱི་མེད། དེ་ལ་བརྟེན་ནས་སྔོན་ཆད་ནས་ད་ལྟ་བར་བོད་མི་ཞིང་ས་མེད་མཁན་གྲོང་པ་ཁྱོན་ཆེ་ཞིག་ཡོད་པ་ཁོང་ཚོས་སྤུན་ཟླ་གཅིག་པའི་འདུ་ཤེས་ཡིད་ལ་བཟུང་སྟེ། དཀའ་སྡུག་མཉམ་མྱོང་བྱེད་མཁན་ཚོས་ཀྱང་སྔར་རྒྱུན་ལྟར་ཡུར་བསངས་ཀྱི་བྱེད་སྒོ་དེར་མཉམ་རོགས་བྱེད་དགོས་མིན་གྱི་གླེང་གཞི་དུས་ལྟར་ཡང་ཡང་འབྱུང་བཞིན་པ་ཞིག་ཡིན། དྲང་པོར་བཤད་ན་ཁོང་ཚོ་ལ་ཐུགས་ཁག་རྩ་ནས་མེད། ཕན་པ་མཛུབ་མོ་རྩིས་རྩིས་དང་། གནོད་པ་ཁ་བ་འབབ་འབབ་རེད། མདོར་ན་སྔོན་ཆད་བཟང་པོའི་ཚད་ལ་གཟུང་སའི་ལ་དྭགས་ཀྱི་བོད་མི་དེ། ད་ལྟ་ངན་པའི་ཚད་ལ་གཟུང་སའི་མི་སྡེ་ཞིག་ལ་འགྱུར་བ་དེ་བློ་ཕམ་སྐྱེས་དགོས་པ་མ་ཡིན་ནམ།

དངོས་ཡོད་གནས་སྟངས་ཀྱི་ཆ་ནས་ལ་དྭགས་བསོད་ནམས་གླིང་གི་གཞིས་ཆགས་དེར་ས་ཆའི་རྒྱ་ཁྱོན་ཆེན་པོ་ཡོད་དམ་ཞེ་ན། འདི་འདྲ་ཞིག་རྩ་ནས་མིན། གཞིས་ཆགས་འདིར་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུའི་སྨད་ནས་སྐྱེས་པའི་གཞིས་མི་ཅི་ཙམ་ཡོད་པ་དེ་དག་ཐམས་ཅད་ལ་ས་ཆ་མེད་པའི་དཀའ་ངལ་དེ་ཆུང་ཆུང་ཞིག་མ་རེད། གཞིས་ཆགས་ཀྱི་གྲོང་གསར་བ་རྣམས་ལ་ཁང་པ་བརྒྱབ་སའི་ས་ཆ་ཆུང་ཆུང་རེ་ཡང་རག་ཐབས་ཤིན་ཏུ་དཀའ་བའི་གནས་སུ་འགྱུར་ཡོད། དེ་དང་སྦྲགས་ནས་གལ་ཏེ་བོད་མི་ཞིག་གིས་གྲོང་སྡེའི་སྤྱི་ས་ནས་གོམ་པ་གང་དོ་རེ་རང་གི་རྩིག་རྨང་གི་འོག་ལ་ཤོར་བར་གྱུར་ན། ཚོགས་འདུ་ཐེངས་མང་སྐོང་བ་དང་། ངན་སྨྲས་སྙིང་རྩ་འདར་བར་བྱེད་པ་རེ་བྱེད་ངེས་རེད། བྱེད་སྟངས་དེ་ལ་བལྟས་ན། ཕྱི་ལ་ཞི་མི་དང་། ནང་ལ་སྟག་ཟེར་བ་དེ་ཏག་ཏག་རེད་འདུག་སེམས།

ཡུལ་མིའི་ཁྲོད་ལའང་དེང་སང་བོད་མིའི་ཁྲོད་ནས་རྒྱ་ཆེ་ལ་རིན་གོང་ཡང་དེ་ཙམ་ཆེན་པོ་སྤྲད་མི་དགོས་པའི་ས་ཆ་རག་གི་ཡོད་དུས། ཚང་མ་ཧེབ་ལངས་ཏེ་ས་ཆ་ཉོས་པ་དང་། ཉོས་ནས་ཁེ་བཟང་ཉིས་བརྩེགས་དང་སུམ་བརྩེགས་ལེན་ཐབས་བྱེད་པའི་གཏམ་སྲང་མདོ་ཡོད་ཚད་ནས་གོ་རྒྱུ་དང་ཐོས་རྒྱུ་མང་པོ་གདའ། ལ་ཤས་ཀྱིས་བོད་མིའི་ལག་ནས་ས་གང་འཚམས་ཤིག་ཉོས་པ་དང་སྦྲགས། གང་འཚམས་ཤིག་གཡས་གཡོན་ནས་ཧམ་བཟས་ཀྱང་བྱེད་ཀྱི་ཡོད་འདུག དེས་བོད་མི་ནང་ཁུལ་དབར་དོགས་མེད་དོགས་པ་དང་། ཡིད་ཆེས་བརླགས་ཏེ་ནང་ཁུལ་གླེང་གཞི་སྣ་ཚོགས་བྱུང་གི་འདུག

དེས་ན་བདག་གི་སྙིང་དམར་པོའི་ཧྲག་བར་ནས་འཕར་ལྡིང་བྱས་དང་བྱེད་བཞིན་པའི་དྲི་བ་དེ་གང་ལགས་ཤེ་ན། མི་རྗེ་ནང་སྲིད་བཀའ་བློན་མཆོག་གི་ཞབས་ཀྱི་པདྨོ་རྣམ་པར་དགེ་བའི་དྲུང་དུ། བདག་གིས་སོར་བཅུའི་སྙིམ་པ་བྲང་ཁར་བཀོད་དེ། བདག་སེམས་ཉེ་རིང་ཆགས་སྡང་གི་ར་རིས་ཀྱི་དྲི་མ་ཏིང་ཙམ་ཡང་མེད་པའི་སྒོ་ནས་ཞུ་གསོལ་སྙིང་པོ། མ་འོངས་ལ་དྭགས་ཀྱི་གཞིས་ཆགས་དེ་ཉིད་སྲ་བརྟན་རྒྱུན་གནས་ཀྱི་དོན་དུ་ས་ཆ་ཕྱིར་བཙོང་མི་ཆོག་པའི་སྒྲིག་གཞི་བཙན་པོ་གཡག་རྒོད་ཀྱི་རྭ་དང་གཉིས་སུ་མེད་པ་ཞིག་བཟོ་ཐུབ་བམ། བདག་གིས་བསམས་ན་ཁྱོད་ལས་གཞན་པའི་རང་སྡེའི་ཁྲོད་ལ་བྱ་བ་འདིའི་རྙོག་ཟིང་གི་འཁྲུན་ཐག་གཅོད་ཐུབ་མཁན་སུ་ཡང་མེད།

ད་ལྟ་ས་ཆའི་བདག་པོ་དངོས་དེ་ལྔ་ལམ་དུ་གཤེགས་ནས་ཁོང་ཚོའི་ས་ཞིང་རྣམས་མི་ལོ་བཅུ་ཕྲག་མ་ཟིན་ཙམ་ལག་པ་འཆང་མཁན་ག་ལ་ཡོད། མིག་ཙམ་ཡང་ལྟ་མཁན་མ་ཐོབ་ནས་སྟོང་པར་ལྷག་ནས་ཡོད་པ་དེ་དག་སྐུ་ཉིད་དང་སྐུ་ཉིད་ཀྱིས་སྣེ་ཁྲིད་པའི་ལས་ཁུངས་ཀྱིས་ཕྱིར་བསྡུ་བྱེད་པ་དང་། ཕྱིར་བསྡུ་མ་ཐུབ་རུང་འབྲེལ་ཡོད་གྲོང་སྡེ་སོ་སོས་སྣང་ཆུང་དུ་མ་ཤོར་བར་བྱས་ཏེ། བདག་པོ་བརྒྱག་དགོས་པའི་བཀའ་བཙན་ནམ་མཁའི་གློག་དང་གཉིས་སུ་མེད་པ་ཞིག་མགྱོགས་མྱུར་གལ་ཆེ་དོན་ཆེ་ལ་གཟིགས་ནས་གནང་མི་ཐུབ་བམ། སྔར་བཞིན་བློ་གྲོད་པར་གཏད། གྲོད་པས་ཆུ་གློད་པའི་ད་ལྟ་ལ་ཐུག་པའི་བྱེད་སྟངས་དེས་འདང་གི་མེད་པའི་ཉེར་ལེན་ལས། གནང་སྟངས་དེ་རིགས་སེང་གེ་གཙང་པོ་བཞིན་རྒྱུན་མཐུད་ནས་ཡོང་གིན་ཡོད་པ་དེ་ཡིས་དཔང་རྟགས་ཐུབ་པ་ཡིན།

ལར་ནས་གནད་དོན་དེའི་ཐད་ཞིབ་འཇུག་མི་སྣ་ཆེད་མངགས་གིས། སྔ་ཕྱི་བར་གསུམ་གྱི་གནས་སྟངས་རྒྱུས་ལོན་བྱེད་མི་ཐུབ་བམ། ཡིག་ངག་གཉིས་ནས་ཐེངས་བརྒྱ་ཕྲག་བཤད་པ་ལས་རང་གིས་མངོན་སུམ་དུ་གཅིག་མཐོང་བ་དེ་ཕན་རླབས་ཆེ་བ་ཆོས་ཉིད་རེད།

མདོར་ན་ཕལ་བའི་སྐྱེ་བོ་བདག་ལྟ་བུ་ལའང་། བདག་གི་དྲིན་ཆེན་མ་ལོའི་མཚན་ཐོག་ལ་ས་ཆ་རྒྱ་མི་ཆུང་བ་ཞིག་ཡོད། དེ་ཉིད་ཡུལ་མིར་དུས་སྐད་ཅིག་ལ་ཕྱིར་ཚོང་མི་ཐུབ་པ་མི་འདུག་ནའང་། བཙན་བྱོལ་སྒྲིག་འཛུགས་ཀྱི་སྔར་ཕེབས་ལམ་སྟོན་དང་། ལས་འབྲས་བསླུ་མེད་པ། ལྷག་དོན་༧རྒྱལ་བའི་དབང་པོ་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་མཚན་སྙན་ལ་གནོད་ཡོང་བསམས་ནས་རང་ཚུགས་མ་ཤོར་དོན་ཐོག་ལ་བརྟན་སྡོད་བྱེད་ཁུལ་ཡིན། མ་འོངས་པར་ཡང་དེ་བཞིན་བྱ་རྒྱུའི་ཡིད་ཆེས་དང་སྤོབས་པ་ཆེས་ཆེར་བསྐྱེད་ནས་ཡོད། འོན་ཀྱང་དཀའ་ངལ་ནི་ཉིན་རེ་དང་ཟླ་རེ་ལ་མ་ལྟོས་པར་ཆེ་ནས་ཆེ་རུ་འགྱུར་བཞིན་འདུག་པས། གོང་བཀོད་ཀྱི་དྲི་བ་དེ་དག་ཁ་བཀག་ཀྱང་རྐུབ་ནས་ཤོར། རྐུབ་བཀག་ཀྱང་སྒོ་དགུ་ཡོངས་རྫོགས་ནས་ཤོར་འགྲོ་ཡི་འདུག དགོངས་བཞེས་དང་ལག་བསྟར་ཅི་ཐུབ་ཉིན་འགྱངས་ཞག་འགྱངས་མེད་པར་འཕྲལ་མ་ཉིད་དུ་གནང་སྐྱོང་ཡོང་བ་རེ་འབོད་སྙིང་ནས་ཞུས།

བསྐྱར་བཅོས།: ༢༠༡༨/༠༣/༠༨

Leave a Reply

4 thoughts on “ནང་སྲིད་བཀའ་བློན་ལགས། དྲི་བ་གཅིག་ཡོད།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་གཏན་འབེབས་གནང་བའི་ས་ཁང་སྒྲིག་གཞི་གཞིས་ཆགས་དེར་ལག་ལྟར་གནང་གི་མེད་པ་ཡིན་ནམ་།

  2. ཚིག་དོན་གཉིས་ཀ་ལེགས་པའི་རྩོམ་ཡིག་ཧ་ཅང་ཡག་པོ་ཞིག་བྲིས་འདུག ནང་སྲིད་དང་ས་གནས་འགོ་འཛིན་ལས་ཁུངས་ནས་དོ་སྣང་བྱེད་དགོས་པར་མཐོང་། རྩོམ་ཡིག་འབྲི་མཁན་ལ་ཐུགས་རྗེ་ཆེ་ཞུ།