ང་ཚོ་ཞྭ་དམར་ཕྱོགས་མ་རེད་ལ། སི་ཏུའི་ཕྱོགས་ཀྱང་མ་རེད། ཀཾ་ཚང་ཕྱོགས་རེད།

གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༥ པའི་ཉིན་མཐའ་མ་སྟེ། ཟླ་འདིའི་ཕྱི་ཚེས་ ༤ ཉིན་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཨ་རི་ནས་དྲ་ལམ་བརྒྱུད་གསུང་བཤད་ཅིག་གནང་ཡོད་པ་དང་། གསུང་བཤད་དེའི་ནང་ཁོང་བོད་ནང་དུ་བཞུགས་སྐབས་དང་བཙན་བྱོལ་ནང་ཕེབས་རྗེས་ཀྱི་གནས་སྟངས་སྐོར་དང་། དེ་བཞིན་ཀརྨ་ཀཾ་ཚང་ནང་ཁུལ་གྱི་རྩོད་རྙོག་ཞི་འགྲིག་ཡོང་སླད་ཁོང་གིས་ཞྭ་དམར་རིན་པོ་ཆེ་དགོངས་པ་མ་རྫོགས་སྔོན་ལ་མཇལ་མོལ་ཞུས་ཡོད་པ་སོགས་ཕུགས་རྒྱང་རིང་པོར་དགོངས་བཞེས་ཀྱིས། བློས་གཏོང་ཆེན་པོས་བསྟན་པ་སྤྱི་དང་བོད་མིའི་རེ་འདོད་སྐོང་ཆེད་ལྷག་བསམ་རྣམ་དག་གིས་འབད་བརྩོན་གནང་བཞིན་ཡོད་ཀྱང་། ཁོང་གང་ཟག་ཅིག་གིས་འབད་བརྩོན་གནང་བ་ཙམ་གྱིས་གྲུབ་འབྲས་ཆེན་པོ་འཐོན་རྒྱུ་མེད་པས་ཚང་མས་དགོངས་པ་ཆེར་བཞེས་ཀྱིས་རང་གི་དབུ་འཁྲིད་ལ་ཡིད་ཆེས་ཡོད་པའི་ཐོག་ནས་རྒྱང་རིང་པོར་བསམ་བློ་གཏོང་གལ་ཆེ་སྐོར་གསུངས་འདུག
གསུང་བཤད་བརྙན་ཐུང་ནང་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས་ཁོང་ཀརྨ་པའི་ཡང་སྤྲུལ་དུ་ངོས་འཛིན་གནང་རྗེས་ཀྱི་སྐུ་སྒེར་གྱི་གནས་སྟངས་སྐོར་ལ་གསུངས་དོན། ང་ལོ་བདུན་ནས་ཀརྨ་པ་ཡིན་ཞེས་ངོས་འཛིན་བྱས་པ་རེད། ལོ་བཅུ་བཞི་ནས་བོད་གངས་ཅན་ལྗོངས་ལ་ཁ་བྲལ་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བ་རེད། ད་ལྟའི་བར་དུ་ང་རང་གི་ངོས་ནས་ཆུང་དུས་ཀརྨ་པ་ཞེས་པ་དེ་ག་འདྲ་ཞིག་ཡིན་ཧ་མི་གོ་བའི་ཕྲུ་གུ་ཞིག་ནས་ག་ལེར་ག་ལེར་བྱས་ནས་ཀརྨ་པའི་ཁྲི་ལ་སླེབས། ག་ལེར་ག་ལེར་འགན་འདྲ་ཁུར་རྒྱུའི་བརྒྱུད་རིམ་ནང་དུ་བསམ་བློ་གཏོང་དུས། དངོས་གནས་དྲང་གནས་ཀྱི་ཀརྨ་པ་ཞེས་པ་དེ་ལོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་བསྡད་པ། སྐུ་ཕྲེང་བཅུ་དྲུག་བར་དུ་ཕེབས་ཟིན་པ་དེ་འདྲ་ཞིག་རེད། ཁོང་རྣམ་པ་ནང་བཞིན་གྱི་སྤང་རྟོགས་ཀྱི་ཡོན་ཏན་དང་། མཛད་པ་འཕྲིན་ལས་བཅས་ཡོང་རྒྱུའི་རེ་བ་རྒྱག་པའི་སྤོབས་པའང་ང་ལ་ཡོད་མ་རེད་ལ། དེ་འདྲ་ཞིག་ཡོང་གི་རེད་བསམ་པའི་རང་ཉིད་ལ་ཡིད་ཆེས་བྱེད་མྱོང་མེད། ཡིན་ན་ཡང་ཀརྨ་པའི་མཚན་གྱི་བྱིན་རླབས་འདྲ་ག་ལ་གང་འཚམ་ཞིག་ཕོགས་པ་ཡིན་དུས་རང་གིས་ག་ཚད་ཐུབ་ཐུབ་ཀྱིས་འབད་བརྩོན་བྱས་པ་རེད། ཡིན་ནའང་རང་ཉིད་སོ་སོ་སྐྱེ་བོ། མི་ཕལ་བ་ཞིག་ཡིན་བསྡད་ཡོད་དུས་འབད་བརྩོན་ག་ཚད་བྱས་ནའང་། གང་ལྟར་མ་འདང་བ་དང་མ་འགྲིག་མ་འཐུས་པ་དེ་འདྲའི་གནས་ཚུལ་ཡོང་བསྡད་ཡོད་པ་རེད། མི་མང་པོ་ཞིག་གི་བསམ་བློའི་ནང་དུ་ཀརྨ་པ་ཞེས་པ་དེ་ཀརྨ་པ་ཡིན་པ་ཙམ་གྱིས་ཧ་ལས་པ་ཞིག་འགྱུར་འགྲོ་བའི་སྣང་བ་ཤར་བསྡད་ཡོད་རེད། ཡིན་ནའང་ང་རང་ལ་མཚོན་ན་དེ་འདྲ་ཞིག་ཆགས་ཡོད་པ་མ་རེད། གལ་སྲིད་ང་ཀརྨ་པ་ཡིན་པའི་དབང་དུ་བཏང་ནའང་། ད་དུང་འབད་བརྩོན་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། རྒྱལ་བ་རྒོད་ཚང་པས་གསུངས་པ་ལྟར། བླ་མ་སྤྲུལ་སྐུའི་སྐྱེ་བའམ་སྐྱེ་སྲིད་ཡིན་ནའང་མངལ་གྱི་སྒྲིབ་པ་སྦྱོང་བ་ལའང་ལོ་བཅུ་གཉིས་བར་དུའང་བྱས་ནས་མཚམས་ལ་སྒོམ་སྒྲུབ་ཉམས་ལེན་བྱེད་དགོས་པ་རེད་གསུངས་ཡོད་པ་རེད། དེར་བརྟེན་བླ་མ་སྤྲུལ་སྐུ་ཆེན་པོ་ཞིག་གི་ཡང་སྲིད་དང་སྤྲུལ་པ་ཡིན་ནའང་དེ་འདྲ་བའི་འབད་བརྩོན་བྱེད་དགོས་པ་རེད། ང་ལ་མཚོན་ན་བླ་མ་སྤྲུལ་སྐུ་ཆེན་པོ་ཞིག་གི་ཡང་སྲིད་རེད་བསམ་བསམ་འདི་རེད་ཟེར་རྒྱུའི་རྒྱུ་མཚན་ཁུངས་ལུང་གང་ཡང་བཤད་རྒྱུ་མེད། དེ་འདྲ་ལྟར་གང་ལྟར་སོ་སོ་མི་ཕལ་པ་ཞིག་ཡིན་པས་འབད་བརྩོན་ཧ་ཅང་བྱེད་དགོས་པ་དང་། མི་གཞན་ལས་ལྷག་པའི་འབད་བརྩོན་བྱེད་དགོས་པ་ཞིག་དང་། འབད་བརྩོན་ག་ཚད་བྱས་ན་ཡང་མ་འདང་བ་དང་མ་འགྲིག་པ་མ་གཏོགས་འགྲིག་པའི་དུས་ནམ་ཡང་རྙེད་རྒྱུ་མེད་པ་རེད། ཅིའི་ཕྱིར་ཞེ་ན། ཕྱོགས་གཅིག་ནས་མི་ཚོས་རེ་བ་རྒྱག་རྒྱུ་དེ་ཤུགས་ཆེན་པོ་ཚད་ལས་འདས་པའི་རེ་བ་ཞིག་རྒྱག་གི་ཡོད་པ་རེད། ང་རང་གིས་ཀྱང་རང་ཉིད་ལ་ཅུང་ཙམ་སྐུལ་ལྕག་འདྲ་བརྒྱབ་ནས་ག་ཚད་ཐུབ་ཐུབ་ཅིག་ཡོང་བའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། དེ་ལྟར་ཞུ་བ་དེའང་ང་རང་གིས་ལྷག་བསམ་རྣམ་དག་གི་ཐོག་ནས་འབད་བརྩོན་ཞུ་བཞིན་ཡོད་མ་གཏོགས། ང་ཆུང་དུས་ང་ལ་བསླབ་བྱ་རྒྱག་མཁན་དེ་འདྲ་ཡོང་གི་ཡོད། ཁྱོད་རང་གཟབ་གཟབ་བྱས་ནས་ཡག་པོ་བྱེད་དགོས་རེད། དེང་སང་ཀརྨ་པ་ཡིན་ཟེར་མཁན་མང་པོ་ཡོད་རེད། ཁྱོད་རང་ཡག་པོ་བྱེད་དགོས་པ་རེད་ཅེས་བཤད་མཁན་ཡོང་གི་ཡོད། ང་རང་ངོས་ནས་མཚོན་ན་ཀརྨ་པ་ཡིན་མཁན་མང་པོ་ཡོད་པས་དེ་ཚོར་འགྲན་ཟླ་བྱེད་པའི་ཆེད་དུ་ངས་གཟབ་གཟབ་བྱེད་མ་འདོད་ནའང་བྱེད་དགོས་རེད་བསམ་པ་དེ་འདྲའི་ཀུན་སློང་ཁུར་མྱོང་མེད། གང་ལྟར་སོ་སོའི་ངོས་ནས་ལྷག་བསམ་རྣམ་དག་དང་རང་ཉིད་ག་རེ་ཡིན་པའི་ངོས་ནས་འབད་བརྩོན་ཞུ་བཞིན་ཡོད། གང་ལྟར་ང་རང་བོད་ལ་ཡོད་པའི་སྐབས་ལ་ཡིན་ནའང་སློབ་གཉེར་བྱེད་པའི་ཐོག་ལ་དགེ་རྒན་ཡིན་ནའང་འདྲ། སློབ་གཉེར་ཐོག་ལ་བཀོད་སྒྲིག་བྱེད་རྒྱུ་དེ་ཚོ་དཔེ་མི་སྲིད་པའི་ཡག་པོ་ཞིག་ཡོད་མ་རེད། རྒྱ་གར་ལ་སླེབས་པའི་རྗེས་སུ་ཡིན་ནའང་། ཕྱོགས་གཅིག་ནས་རྒྱ་གར་ལ་ཡོང་བ་དེ་སློབ་གཉེར་བྱེད་རྒྱུ་དང་། དེ་བཞིན་ཆོས་ཀྱི་རྒྱུད་པ་དེ་ཚོ་ལེན་ཐུབ་པའི་ཆེད་དུ་ཡིན་པས། རྒྱ་གར་ལ་སླེབས་རྗེས་བོད་ལ་བསྡད་པ་ལས་ཅུང་ཟད་ལྷག་ཙམ་ཡོང་དགོས་པ་རེད་དེ། ཡིན་ན་ཡང་། སློབ་གཉེར་བྱེད་རྒྱུའི་ཐོག་ལ་འཐུས་ཤོར་མང་པོ་སོང་ཡོད་པ་རེད། ཕྱོགས་གཅིག་ནས་བཤད་ན། རང་ཉིད་ལེ་ལོ་ཆེ་བའི་སྐྱོན་རེད། ང་ལ་རིག་པ་ཅུང་ཙམ་ཡོད་པའི་སྐད་ཆ་རེད། རིག་པ་ཅུང་ཙམ་ཡོད་པས་སློབ་སྦྱོང་གང་འཚམ་བྱས་ནས་ཐད་ཀར་ད་ཤེས་སོང་བསམ་ནས་ཉོབ་སྣང་ཤར་འགྲོ་བཞིན་འདུག དེའི་ཐོག་ལ་སློབ་གཉེར་གནང་མཁན་གྱི་བླ་མ་དང་མཁན་པོ་ཡིན་ནའང་འདྲ། བཀའ་བརྒྱུད་པའི་ནང་གི་བླ་མ་མཁན་པོ་དྲག་ཤོས་དེ་འདྲ་ང་ཚོས་གདན་ཞུས་མ་བྱས་པ་མ་རེད། གདན་འདྲེན་ཞུས་ཡོད་རེད། ཡིན་ནའང་བླ་མ་མཁན་པོ་དྲག་ཤོས་ཁོང་རྣམ་པར་ཡང་སོ་སོའི་སྐྱོང་དགོས་པ་དང་བདག་པོ་རྒྱག་དགོས་པའི་དགོན་པ་དང་ཆོས་ཚོགས་སོགས་མཛད་པ་འཕྲིན་ལས་མང་པོ་ཡོད་པས། དུས་ཚོད་ཆ་ཚང་ཞིག་ངའི་ཐོག་ཏུ་གཏོང་ཐུབ་ཡོད་མ་རེད། དེ་འདྲ་བྱས་ནས་མཚམས་རེར་སློབ་གཉེར་ཡོད་པ་དང་། མཚམས་རེར་སློབ་གཉེར་མེད་པ་སོགས་མང་པོ་བྱུང་ཡོད་པ་རེད།

སྔོན་ཆད་ངས་ང་དགེ་ལུགས་པའི་གྲྭ་ས་དེ་འདྲ་ལ་ཕྱིན་ནས་དངོས་གནས་ཀྱི་སྒྲིག་འཛུགས་ལྡན་པ་དང་། གོ་རིམ་དང་ལྡན་པའི་ཐོག་ནས་སློབ་སྦྱོང་ཞིག་བྱས་ན་མཁས་པ་འདྲ་ཡག་པོ་ཞིག་འགྱུར་མི་ཡོང་དྲན་མྱོང་ཡོད། ཡིན་ནའང་རྗེས་སུ་བསམ་བློ་ཡག་པོ་གཏོང་དུས། དགེ་ལུགས་པའི་གྲྭ་ས་ལ་སོང་ནས་སློབ་གཉེར་བྱས་ན་ཕྱོགས་གཅིག་ནས་མ་འགྲིག་པ་ཆེན་པོ་གང་ཡང་ཡོད་མ་རེད་དེ། ཀརྨ་པ་ཞེས་པའི་མིང་འདྲ་ཞིག་ཡོད་པ་ཡིན་དུས། ཀརྨ་པ་དེ་དགེ་ལུགས་པའི་གྲྭ་ས་ཞིག་ལ་སོང་ནས་སློབ་སྦྱོང་བྱས་པ་རེད་ཟེར་བ་དེ་འདྲ་ཞིག་གྱུར་པ་ཡིན་ན། མ་འོངས་པའི་བཀའ་བརྒྱུད་སྤྱི་པའི་མིང་ཟེར་ནའང་སྤྱི་པའི་ལོ་རྒྱུས་ཐོག་ལ་ཅུང་ཙམ་སྐྱོན་ཆགས་བསྡད་པའི་བཟོ་འདྲ་ཞིག་རེད། སྤྱིར་བཏང་དགེ་ལུགས་པའི་དགེ་བཤེས་དེ་འདྲ་ལ་མཉམ་དུ་བགྲོ་གླེང་ཞུ་བཞིན་ཡོད་པ་རེད། ཡིན་ནའང་དངོས་སུ་གྲྭ་སརའགྲོ་རྒྱུ་དེ་འདྲ་གང་ཡང་བྱུང་ཡོད་མ་རེད། གནས་སྟངས་དེ་འདྲའི་རྐྱེན་གྱིས་ང་རང་སློབ་གཉེར་བྱེད་རྒྱུ་དེ་ཚོ་སྤུས་དག་པོ་ཡག་པོ་གང་ཡང་བྱུང་ཡོད་མ་རེད། གཙོ་བོ་ད་ལྟ་ཅུང་ཙམ་ཤེས་བསྡད་པ་དེ་ནི་སོ་སོས་འབད་བརྩོན་འདྲ་བྱས། དོ་སྣང་འདྲ་བྱས་བསྡད་པ་དེ་འདྲའི་ཐོག་ནས་ཤེས་བསྡད་པ་ཞིག་མ་གཏོགས་སྒྲིག་འཛུགས་ལྡན་པ་དང་། གོ་རིམ་དང་ལྡན་པའི་ཐོག་ནས་སློབ་གཉེར་རྒྱ་ཆེན་པོ་གང་ཡང་བྱས་ཡོད་པ་མ་རེད། དེ་གནས་སྟངས་གཅིག་རེད། གནས་སྟངས་གཞན་དག་ཅིག་གི་ཐོག་ནས་བཤད་ན། ང་ཆུང་དུས་ནས་ཀརྨ་པ་རེད་ཅེས་ངོས་འཛིན་བྱེད་དུས་ང་ལོ་བདུན་ཙམ་རེད། དེ་དུས་བྱིས་པ་ཞིག་རེད། ཆུང་དུས་ནས་འཚུར་ཕུ་དགོན་པའི་ནང་དུ་གསོ་སྐྱོང་བྱས་ནས་བསྡད་པ་རེད། དེ་དུས་ངའི་འཁྲིས་སུ་ཡོད་པ་དེ་ཚོ་ནི་མི་རྒན་པ་རྐྱང་རྐྱང་རེད། ཁོ་ཚོས་ག་རེ་གྱིས་ཟེར་ན་དེ་བྱེད་རྒྱུ་མ་གཏོགས། རང་ངོས་ནས་འདི་བྱེད་དགོས། འདི་བྱེད་མི་དགོས་ཟེར་བ་མ་གཞི་དང་པོ་ནས་ག་རེ་བྱེད་དགོས་ཧ་གོ་བཞིན་ཡོད་མ་རེད་ཨ། དེའི་ཐོག་ལ་ཁོ་ཚོའི་ཁ་ལ་ཉན་པ་མ་གཏོགས་སོ་སོའི་ངོས་ནས་རང་དབང་གིས་འདི་བྱེད་དགོས་འདི་བྱེད་མི་དགོས་ཟེར་རྒྱུ་ཞིག་ཡོད་མ་རེད། ཆུང་དུས་ཅུང་ཟད་སྡུག་པོ་འདྲ་མང་པོ་མྱངས་བ་རེད། དཔེར་ན་དབང་ཆ་ལྟ་བུ་དེ་ཕྱག་མཛོད་སོགས་ཀྱིས་བཟུང་ནས་ང་ལ་རྔན་པ་སོགས་སྤྲོད་མཁན་ཡོང་དུས། ཕྱག་མཛོད་སོགས་ཀྱིས་སྔོན་ལ་ཁོང་ཚོས་མར་ཁུར་ནས་རྔན་པ་དེ་ཚོའི་ནང་དུ་དེ་དུས་འབར་རྫས་དེ་འདྲ་བཞག་མེད་དམ་ཟེར་བ་དང་། དུག་དེ་འདྲ་བཞག་མེད་དམ་ཞེས་པའི་སྐད་ཆ་ཞིག་ཡོད་པ་རེད། དེ་བས་ཁོ་ཚོས་མར་ཁུར་ནས་དེ་དག་འདུག་མིན་ལྟ་རྒྱུ་ཡིན་ཟེར་ནས་ཁུར་འགྲོ་ཞིང་། མར་ཁུར་རྗེས་མང་ཆེ་ཤོས་ཡར་ལོག་རྒྱུ་ཡོད་མ་རེད། དེ་བཞིན་སྒོར་མོ་དེ་འདྲ་ངའི་ཕ་མ་ལ་སྤྲོད་རྒྱུ་སྒོར་མོ་ཡིན་ཟེར་བ་སོགས་ཡོད་དུས། ང་ལ་རྒྱུས་ཡོད་མཁན་ཚོས་སྒོར་མོ་དེ་ཚོ་ལྐོག་ནས་མི་མང་པོ་ཡོད་པ་དེ་ཚོས་ཧ་མ་གོ་བའི་སྐབས་སུ་ཐད་ཀར་ངའི་གདན་གྱི་འོག་ཏུ་བཅུག་ནས་སྤྲད་པ་སོགས། གང་ལྟར་ཆུང་དུས་ནས་སོ་སོའི་རང་དབང་གི་ཚོར་སྣང་དེ་འདྲ་སྐྱེས་མྱོང་མེད། ཅེས་གསུངས་འདུག

རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས་ཀྱི་གནས་སྟངས་སྐོར་ལ་མུ་མཐུད་ཁོང་གིས། དེའི་རྗེས་རྒྱ་གར་ལ་བསླེབས་པ་རེད། རྒྱ་གར་ལ་ཡོང་དུས་རྒྱ་གར་ཟེར་བ་དེ་རང་དབང་ལུང་པ་དང་དམངས་གཙོའི་ལུང་པ་ཡིན་པས་རང་གིས་གང་འདོད་པ་བྱེད་རྒྱུ་ཡོང་གི་རེད་བསམ་ནས་རེ་བ་བརྒྱབས་ནས་ཡོང་བ་རེད། དང་པོ་རྒྱ་གར་ལ་ཡོང་དུས་ང་ཚོ་རྒྱ་གར་ལ་རྒྱུས་རྩ་བ་ནས་ཡོད་མ་རེད། ལམ་སྟོན་བྱེད་མཁན་དེ་ཚོ་ལྷག་བསམ་རྣམ་དག་ཡོད་ནའང་བྱེད་ལུགས་བྱེད་སྟངས་འདྲ་མ་ཤེས་ནས། ལམ་སྟོན་བྱེད་མཁན་དེ་ཏག་ཏག་མ་བྱུང་ནས་དང་པོ་རྒྱ་གར་གཞུང་ལ་སྐད་ཆ་བཤད་དུས་སྐད་ཆ་དེ་ཚོ་སྔ་ཕྱི་མ་མཐུན་པ་དེ་འདྲའི་ཐོག་ནས་ཀྱང་དོགས་པ་ཡོང་བ་དེ་འདྲ་ཅུང་ཙམ་བྱུང་ཡོད་ས་རེད། གང་ལྟར་རྒྱ་གར་ལ་ཡོང་ནས་ལོ་བཅོ་བརྒྱད་ཙམ་ཕྱིན་པ་རེད། དེའི་ནང་དུ་དཀའ་ངལ་དང་རྙོག་གྲ་རྒྱུན་མ་ཆད་པ་བྱུང་བ་རེད། མ་གཞི་ཁྱེད་རྣམ་པ་ཚང་མས་མཁྱེན་བཞིན་ཡོད་རེད། འདི་རྒྱ་མིས་བཏང་བ་རེད་ཟེར་བ་དང་། རྒྱ་མིའི་སོ་པ་རེད་ཟེར་བ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་བ་རེད། ཡིན་ནའང་ཨུ་ཚུགས་འདྲ་བརྒྱབ་ནས་ད་ལྟ་བར་དུ་བསྡད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཕྱོགས་གཅིག་ནས་བཤད་ན་བསྟན་པ་བློས་མ་གཏོང་ཟེར་ནའང་འདྲ། བཀའ་བརྒྱུད་ཀྱི་བསྟན་པ་དང་། བོད་མི་དམངས། དེ་བཞིན་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ཡིན་བསམ་ནས་གང་ལྟར་སོ་སོས་དེ་འདྲའི་མོས་པ་ཞིག་བྱས་ནས་བསྡད་པ་རེད། ཕྱོགས་གཅིག་ནས་རྒྱ་གར་ལ་བསླེབས་ནས་བསྐལ་པ་བཟང་པོ་བྱུང་བ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་གསུངས་ཐོས་ཡོང་བའི་བསྐལ་བ་བཟང་པོ་བྱུང་བ་རེད། ང་རང་ཚོའི་སྐྱབས་མགོན་སི་ཏུ་རིན་པོ་ཆེ་དང་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་སྐུ་མདུན་ནས་ཟབ་མོའི་ཆོས་ཀྱི་གདམས་པ་མང་པོ་ཞུ་བའི་གོ་སྐབས་བྱུང་བ་རེད། དེ་བཞིན་སྐྱབས་རྗེ་བསྟན་དགའ་རིན་པོ་ཆེ་དང་འབོ་དཀར་རིན་པོ་ཆེ། ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་ཁོང་རྣམ་པའི་སྐུ་མདུན་ནས་ཆོས་ཟབ་མོ་ཞུ་བའི་གོ་སྐབས་བྱུང་བ་རེད། དེ་ཚོ་བསྐལ་བ་བཟང་པོ་ཡིན་བསམ་བཞིན་འདུག ཡིན་ནའང་། ང་ནི་སྡོད་ས་དེ་རྒྱུད་སྟོད་ལ་བསྡད་ཡོད་རེད། རྒྱལ་བ་ཡབ་སྲས་རྣམ་པ་ཚོ་ལས་སི་ཏུ་རིན་པོ་ཆེ་ནི་ཤེས་རབ་གླིང་ལ་བཞུགས་ཡོད་རེད། རྒྱལ་ཚབ་རིན་པོ་ཆེ་ནི་འབྲས་ལྗོངས་ལ་བཞུགས་ཡོད་རེད། རྒྱལ་བ་ཡབ་སྲས་ཚོ་ཁ་ཁ་སོར་སོར་ཁ་བྲལ་བའི་ཚུལ་ལས་གནས་གཅིག་ལ་རྒྱུན་རིང་པོ་འདུག་རྒྱུ་བྱུང་མེད་པ་རེད། སྔར་གྱི་ཀརྨ་པ་སྐུ་གོང་མ་དེ་ཚོའི་རྣམ་ཐར་མཇལ་ན་རྒྱལ་བ་ཡབ་སྲས་ཟེར་དུས་ཆུང་ཆུང་སྐབས་རྒྱལ་བ་ཡབ་སྲས་ལྷན་ཅིག་ཏུ་སྐྱེས་ནས་གང་དུ་ཕེབས་ནའང་མཉམ་དུ་ཕེབས་ཤིང་། ཆོས་གནང་བ་སོགས་གང་ཡིན་ནའང་ཕན་ཚུན་གཅིག་གིས་གཅིག་ལ་ཐུགས་ཁུར་གནང་ཟེར་ནའང་འདྲ། ཕར་ཚུར་གཅིག་གིས་གཅིག་ལ་དེ་འདྲ་གནང་བའི་ལུགས་སྲོལ་ཡོད་བསྡད་པ་རེད། དེ་འདྲ་ཞིག་ང་རང་གི་ཐོག་ལ་མ་བྱུང་བ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཡིན་ནའང་ཅུང་ཟད་སེམས་ཕམ་པོ་འདྲ་ཞིག་ཡོད། ཅེས་གསུངས་འདུག

ཡང་ཀརྨ་ཀཾ་ཚང་ནང་ཁུལ་གྱི་རྩོད་ཉོག་སྐོར་ལ་བཀའ་སློབ་གནང་དོན། སྔོན་མ་རྒྱལ་དབང་བཅུ་དྲུག་པ་ཆེན་པོ་དགོངས་པ་རྫོགས་པའི་རྗེས་ལ་ང་ཚོ་ཀཾ་ཚང་ནང་ཁུལ་དུ་མི་མཐུན་པ་ཤུགས་ཆེན་པོ་བྱུང་བ་རེད། གནས་ཚུལ་ངན་པ་དེ་ཚོ་ཡང་བསྐྱར་ཞུ་མི་དགོས་པར་བྱེད། དེའི་ཐོག་ལ་ད་ལྟའི་དབང་དུ་བྱས་ནའང་ང་རང་ཚོའི་བླ་བྲང་ཆེ་ཁག་དེ་ཚོའི་བར་དུ་ཅུང་ཟད་མ་མཐུན་པ་ཡོང་བསྡད་ཡོད་པ་རེད། ང་རྒྱ་གར་ལ་སླེབས་པའི་རྗེས་སུའང་གནས་ཚུལ་མང་པོ་བྱུང་བ་རེད། ཁྱོད་ཚོ་ཁ་ཤས་ཀྱིས་ཤེས་ཀྱི་རེད། ཁ་ཤས་ཀྱིས་ཤེས་ཀྱི་མ་རེད། གང་ལྟར་དེ་འདྲའི་ཐོག་ནས་བླ་བྲང་ནང་ཁུལ་ལ་མ་མཐུན་པ་བྱུང་བ་རེད། དེ་ལ་ང་རང་ཡིན་ནའང་སེམས་ཁྲལ་ཆེན་པོ་བྱུང་། དེ་འདྲ་ཡིན་དུས་ཐེངས་གཅིག་སྐྱབས་མགོན་སི་ཏུ་རིན་པོ་ཆེ་དང་། སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་རྣམ་པ་གཉིས་རྐང་བཙུགས་ནས་ལྡི་ལིར་གདན་འདྲེན་ཞུས། རིན་པོ་ཆེ་རྣམ་པ་གཉིས་དངོས་གནས་སྤྲིན་དང་བྲལ་བའི་ཟླ་བ་བཞིན་ཉེས་པའི་སྐྱོན་གྱིས་མ་གོས་པ་རེད། ཡིན་ནའང་འོག་ལ་ཡོད་པའི་ཞབས་ཕྱི་དེ་ཚོར་ཅུང་ཟད་བཀའ་སློབ་ཕེབས་ཏེ། ད་ལྟ་ང་ཚོ་ཀརྨ་ཀཾ་ཚང་ནང་དུ་གནས་ཚུལ་ཆེན་པོ་བྱུང་ཚར་ཡོད་རེད། ང་ཚོ་འཁྲུགས་པ་ཆེན་པོ་ཤོར་ཚར་བ་རེད། དམ་ཚིག་ལ་འགལ་བ་ཆེན་པོ་བྱུང་ཚར་ཡོད་རེད། ད་དེ་འདྲ་མི་འོང་བའི་སྐྱབས་འཇུག་གནང་རོགས་གྱིས་ཞེས་གསོལ་འདེབས་ཞུས་པ་ཡིན། གསོལ་འདེབས་ཞུས་པ་བཞིན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་ཞལ་བཞེས་བཟང་པོ་དེ་འདྲ་བྱུང་སོང་། མ་གཞི་ནས་གསོལ་འདེབས་ཞུས་པ་དེའང་སྤྱན་རས་གཟིགས་ལ་མ་ཎིི་སློབ་པ་བཞིན་དེ་འདྲ་ཞུ་དགོས་པ་མ་རེད་དེ། ང་རང་སེམས་པ་ཆུང་དྲགས་ནས་དེ་འདྲ་ཞུས་པ་ཡིན། དེ་བཞིན་དུ་ང་རང་གིས་ཀརྨ་ཀཾ་ཚང་གི་བསྟན་པ་འདི་ལ་ཕན་ཞིག་ཐོགས་ན་བསམ་ནས་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་ལ་མཇལ་འཕྲད་ཞུས་པ་ཡིན། མཇལ་འཕྲད་ཞུས་པའི་སྐབས་ལའང་ང་ཚོའི་ཕྱོགས་ཀྱི་མི་དེ་འདྲ་ཡིས་ཐུགས་འཕྲད་བྱེད་རྒྱུ་ཡོད་མ་རེད་ཟེར་བ་སོགས་ཀྱི་སྐད་ཆ་བཤད་མཁན་མང་པོ་བྱུང་། ཡིན་ནའང་ཁྱད་པར་མི་འདུག ང་རང་ངོས་ནས་བསྟན་པའི་དོན་གཅིག་པུར་བསམ་ནས་ཞྭ་དམར་རིན་པོ་ཆེར་མཇལ་འཕྲད་ཞུས་པ་ཡིན། མཇལ་འཕྲད་ཞུས་ནས་དམིགས་བསལ་གྱིས་གྲུབ་འབྲས་འདི་རེད་ཅེས་མིག་ལ་སྟོན་རྒྱུ་ཅི་ཡང་བྱུང་ཡོད་མ་རེད་དེ། ཡིན་ནའང་གང་ལྟར་ད་ལྟ་ནི་ཞྭ་དམར་རིན་པོ་ཆེ་དགོངས་པ་རྫོགས་ཟིན་པ་རེད། དགོངས་པ་མ་རྫོགས་གོང་ལ་མཇལ་འཕྲད་ཞུས་པའི་ཐོག་ནས་སོ་སོའི་བསམ་པ་གང་ཡིན་པ་དེ་རིན་པོ་ཆེ་ལ་ཞུ་རྒྱུའི་གོ་སྐབས་བྱུང་བ་རེད། ཅུང་ཙམ་བློ་བདེ་བ་འདྲ་ཞིག་བྱུང་། ཅེས་གསུངས་འདུག

ཞྭ་དམར་རིན་པོ་ཆེ་ནི་ཀརྨ་ཀཾ་ཚང་གི་ལོ་རྒྱུས་ནང་གལ་ཆེན་པོ་ཡིན་སྐོར་མུ་མཐུད་ཁོང་གིས།སྤྱིར་བཏང་བྱས་ན་ཞྭ་དམར་རིན་པོ་ཆེ་ང་ཚོ་ཀརྨ་ཀཾ་ཚང་གི་ལོ་རྒྱུས་ཐོག་ལ་གལ་ཆེ་ཆུང་ག་འདྲ་ཡིན་མིན་དེ་ཚང་མས་མཁྱེན་གསལ་རེད། ཡིན་ནའང་ཉེ་བའི་ལོ་བཅུ་ཕྲག་རིང་གནས་ཚུལ་འདྲ་མིན་མང་པོ་བྱུང་བ་ཡིན་པས། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོའི་ནང་ཁུལ་ལའང་ཞྭ་དམར་རིན་པོ་ཆེའི་ཞབས་བརྟན་མི་འདོན་པ་དང་། རྒྱུད་པའི་གསོལ་འདེབས་ནང་ནས་ཞྭ་དམར་རིན་པོ་ཆེའི་མཚན་ཡོད་པ་དེ་མར་བཏོན་དགོས་པ་རེད་ཅེས་དེ་འདྲ་བཤད་མཁན་མང་པོ་བྱུང་བ་རེད། དེ་ཚོའི་གྲས་དེ་དངོས་གནས་དྲང་གནས་ཀྱིས་གནད་འགག་མ་མཐོང་བ་འདྲ་ཞིག་རེད་བསམ་གི་འདུག གང་རེད་ཟེར་ན། ཞྭ་དམར་རིན་པོ་ཆེ་ཞེས་པ་དེ་ད་ལྟའི་ཞྭ་དམར་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་ཁོང་གཅིག་པུ་མ་རེད། ཞྭ་དམར་རིན་པོ་ཆེ་ཞེས་པ་དེ། ཀརྨ་ཀཾ་ཚང་གི་དོན་བརྒྱུད་ཀྱི་གྲས་ལ་བཞུགས་པའི་བརྒྱུད་པ་ཞིག་ཡིན་པ་རེད། རྟོགས་ལྡན་གྲགས་པ་སེང་གེ་ནས་བཟུང་སྟེ་ད་ལྟའི་བར་ཕེབས་པའི་རྒྱུད་པ་ཞིག་ཡིན་པ་རེད། དེ་མི་གཅིག་གི་མིང་མ་རེད། མི་གཅིག་མ་རེད། དེ་འདྲ་ཡིན་དུས་ང་ཚོའི་མི་དེ་འདྲས་ད་རེས་ཀྱི་ཞྭ་དམར་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་ལ་འགྲིག་གི་མི་འདུག་ཅེས་ག་ཚད་བཤད་ནའང་། ཞྭ་དམར་རིན་པོ་ཆེའི་མཛད་པ་འཕྲིན་ལས་དེ་ནག་བསུབ་གཏོང་ཐུབ་ཀི་མ་རེད་དྲན་གྱི་འདུག ཞྭ་དམར་རིན་པོ་ཆེའི་སྐོར་ལ་ང་ཚོའི་ཐུགས་བསམ་བཞེས་སྟངས་དེ་ཡག་པོ་ཞིག་དགོས་པ་རེད་དྲན་གྱི་འདུག སྤྱིར་བསྟན་པ་སྤྱི་དང་མ་འོངས་པའི་བསྟན་པའི་རྒྱུན་ལ་དགོངས་པ་བཞེས་དགོས་པ་རེད་དྲན་གྱི་འདུག ད་ལྟ་ཡིན་ན་ཞྭ་དམར་རིན་པོ་ཆེ་དགོངས་པ་རྫོགས་ཚར་བ་རེད། དེའི་ཡང་སྲིད་སྐོར་ལ་ཡིན་ནའང་དངོས་གནས་དྲང་གནས་རྙོག་དྲ་མེད་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་མ་གཏོགས་ཡང་སྲིད་གཉིས་བྱུང་བ་རེད་ཅེས་པ་སོགས་ཀྱི་གནས་ཚུལ་བྱུང་བ་ཡིན་ན་ཀཾ་ཚང་གི་བསྟན་པ་སྤྱི་ལ་གནོད་བསྡད་པ་ཞིག་དང་། མ་འོངས་པར་ཀཾ་ཚང་ཟེར་བ་དེ་ཕྱོགས་གཉིས་སུ་གྱུར་ནས་ཕན་ཚུན་གཅིག་གིས་གཅིག་ལ་དགྲར་ལྟ་བསྡད་པ་དེ་འདྲ་བྱུང་བ་ཡིན་ན་ཡག་པོ་རྩ་བ་ནས་ཡོད་མ་རེད། ང་རང་གི་བསམ་པའི་གཏིང་ནས་ང་ཚོ་ཚང་མ་མཐུན་སྒྲིལ་ཞིག་བྱུང་ན་དྲན་གི་འདུག དྲན་པ་ནང་བཞིན་གང་འཚམ་འབད་བརྩོན་བྱས་པ་རེད། ཡིན་ནའང་ང་མི་གཅིག་གིས་བྱེད་ཐུབ་པ་ཞིག་རེད་མི་འདུག་ཨ། ཕྱོགས་གཉིས་ཀ་ནས་གུ་ཡངས་གནང་དགོས་པ་དང་། དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད་དྲན་བཞིན་འདུག་མ་གཏོགས་གཅིག་གིས་གཅིག་ལ་ག་དུས་ཡིན་ནའང་ཚིག་ངན་པ་བཤད་རེས་བྱེད་པ་དང་། གཅིག་གིས་གཅིག་ལ་སྐྱོན་འདོན་རེས་བྱས་ནས་མུ་མཐུད་ནས་བསྡད་པ་ཡིན་ན་ཡག་པོ་ཡོད་རེད་དྲན་གྱི་མི་འདུག དེའི་རྒྱུ་མཚན་ལ་བརྟེན་ནས་ཀཾ་ཚང་གི་བསྟན་པ་གཅིག་པ་རེད། བླ་མ་གཅིག་པ་རེད། ཞྭའི་ཁ་དོག་གཅིག་པ་རེད། དེ་འདྲ་ཞིག་ཡིན་བཞིན་དུ་ང་ཚོས་ཕྱོགས་འཛིན་བྱས་བསྡད་པ་ཡིན་ན། གང་ལྟར་སོ་སོར་བདེན་པ་ག་ཚད་ཡོད་པ་ཡིན་ནའང་རང་བཞིན་གྱིས་ཕྱོགས་འཛིན་ཤུགས་ཆེན་པོ་བྱས་ཏེ། རང་རྒྱལ་གཞན་ཕམ་གྱི་ལྟ་བ་ཁུར་ཕྱིན་ཆད་ལ་ནོར་འཁྲུལ་ཞིག་མ་གཏོགས་དེར་བཟང་པོ་ཞིག་ཡོང་རྒྱུ་ཡོད་པ་མ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་ནམ་རྒྱུན་བཤད་པ་བཞིན་ཞྭ་དམར་རིན་པོ་ཆེའི་ཕྱོགས་གཏོགས་དང་། སི་ཏུ་རིན་པོ་ཆེའི་ཕྱོགས་གཏོགས་ཤིག་བཤད་ཀྱིན་ཡོད་རེད་ཨ། ང་རང་ཚོ་དངོས་གནས་དྲང་གནས་བྱས་ན་ཞྭ་དམར་རིན་པོ་ཆེའི་ཕྱོགས་གཏོགས་ཀྱང་མ་རེད། སི་ཏུ་རིན་པོ་ཆེའི་ཕྱོགས་གཏོགས་ཀྱང་མ་རེད། ཀརྨ་ཀཾ་ཚང་གི་ཕྱོགས་སུ་གཏོགས་པ་ཞིག་ཡིན་བསྡད་ཡོད་པ་རེད། མ་གཏོགས་སོ་སོ་ཉོན་མོངས་དུག་གསུམ་གྱིས་ཁེངས་ནས། དགྲ་འདུལ་གཉེན་སྐྱོང་དང་ཁྲག་དོག་ཧ་ཅང་ཆེན་པོ་ཡོད་པ་ཡིན་ན། ང་རྡོ་རྗེ་འཆང་གི་ཕྱོགས་གཏོགས་ཡིན་ཞེས་བཤད་ནའང་ཕན་ཐོགས་རྒྱུ་གང་ཡང་ཡོད་མ་རེད། ད་དེང་སང་ཁོ་གཙང་མ་ཡིན་དང་ང་གཙང་མ་ཡིན། བཀའ་བརྒྱུད་པ་གཙང་མ་ཡིན། ཁོ་ཀཾ་ཚང་གཙང་མ་མ་རེད་ཅེས་པ་སོགས་ཀྱི་སྐད་ཆ་ཡོད་རེད། གཙང་དང་མི་གཙང་ཞེས་པ་དེ་གཙོ་བོ་སོ་སོའི་སེམས་རྒྱུད་ལ་ཉམས་ལེན་ཡོད་མེད་དེར་ཐུགས་བསྡད་ཡོད་པ་རེད་མ་གཏོགས། སུའི་ཕྱོགས་གཏོགས་ཡིན་མིན་ཞིག་ལ་ཐུག་ཡོད་མ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་དེ་འདྲའི་ཐོག་ནས་དགོངས་པ་བཞེས་དགོས་པ་ཞིག་གྱུར་བསྡད་ཡོད་རེད་བསམ་གི་འདུག ཅེས་གསུངས་འདུག

ད་ལན་ཁོང་ཕྱི་རྒྱལ་དུ་ཡུན་རིང་བཞུགས་དགོས་བྱུང་བའི་སྐོར་ལ་ཁོང་གིས། དོན་དག་གཅིག་ལ་ད་རེས་ང་ཕྱི་རྒྱལ་ལ་ཟླ་བ་མང་པོ་ཞིག་འགོར་བ་རེད། དེ་ནས་ཨ་རི་ལ་ཟླ་བ་དྲུག་ཙམ་འགོར་བ་རེད། དེར་འགྲོ་དགོས་པའི་རྒྱུ་མཚན་དང་རྒྱུན་རིང་པོ་ཞིག་ལ་སྡོད་དགོས་པའི་རྒྱུ་མཚན་དེ་ལ་འགྲེལ་བཤད་རྒྱག་མཁན་མང་པོ་ཞིག་ཡོང་གི་ཡོད་ས་རེད། དེ་ཚོར་མ་ལྟོས་པར་ཕྱོགས་གཅིག་ནས་བཤད་ན། ད་རེས་འདིར་སྡོད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཁ་སང་འཇར་མན་ནས་གཟུགས་པོ་བརྟག་དཔྱད་བྱེད་པའི་སྐབས་སུ་ཅུང་ཙམ་གྱི་གནས་ཚུལ་ཞིག་འདུག་ཅེས་བཤད་པ་རེད། དེའི་རྗེས་ངའི་ཞབས་ཕྱི་བགྲེས་སོང་ཁོང་གི་ཆེད་དུ་ཨ་རིར་འགྲོ་དགོས་བྱུང་བ་རེད། ཨ་རིར་སླེབས་རྗེས་སྔོན་ནས་འཇར་མན་ནས་གཟུགས་པོར་གནས་ཚུལ་འདུག་ཟེར་བ་དེར་བརྟག་དཔྱད་བྱེད་དགོས་པ་འདྲ་ཞིག་ཕལ་ཆེར་གྱུར་པ་རེད། དེ་འདྲའི་གནད་དོན་གྱི་ཐོག་ནས་ཡིན་ནའང་རེད། དེ་བཞིན་དུ་ད་ལྟའི་བར་ལོ་མང་པོའི་རིིང་ལ་ངལ་གསོ་ཞིག་རྒྱག་རྒྱུའི་གོ་སྐབས་གང་ཡང་བྱུང་མེད་པ་རེད། ད་ཅུང་ཙམ་ངལ་གསོ་ཞིག་བརྒྱབ་ནས་ལུས་དང་སེམས་གཉིས་ཀ་ངལ་ཞིག་གསོས། རྒྱ་གར་ལ་སླེབས་ན་རྙོག་དྲ་མང་པོ་བྱས་ནས་ངལ་གསོ་རྒྱུ་ཡོང་གི་ཡོད་མ་རེད། འདིར་ཅིག་ངལ་གསོ་རྒྱབ་པ་འདྲ་ཞིག་བྱས་ནས་མ་འོངས་པའི་ཕུགས་རྒྱང་རིང་པོའི་ཆེད་དུ་བསམ་བློ་བཏང་ནས་འདིར་བསྡད་པ་རེད་མ་གཏོགས། སོ་སོ་སྒེར་གྱི་དོན་དག་དང་ཡང་ན་འཆར་གཞི་ལོག་པ་འདྲ་བོ་ཡོད་རེད་ཅེས་འགྲེལ་བཤད་རྒྱག་མཁན་དེ་འདྲ་ཡོང་བསྡད་ཀྱི་ཡོད་རེད། དེ་འདྲ་རྩ་བ་ནས་ཡོད་མ་རེད། མདོར་ན་མི་ཚོས་བསམ་པ་ལ་ངས་ཐག་གཅོད་དང་བྱ་བ་གང་ཞིག་བསྒྲུབས་ནའང་ཁོ་ཀརྨ་པ་རེད། དེ་ཡིན་ཡིན་པ་རེད་ཅེས་ཡིན་ཤག་ཤག་འདྲ་བྱས། ཡིན་ནའང་ང་རང་ལ་མཚོན་ན་ཡིན་ཤག་ཤག་རེད་ཡོད་མ་རེད། ཐག་གཅོད་ག་འདྲ་ཞིག་བྱས་ནའང་རེད། བྱ་བ་ག་འདྲ་ཞིག་བྱས་ནའང་རེད། བློས་བཏང་མང་པོ་ཞིག་བྱེད་དགོས་ཆགས་ཀྱི་ཡོད་རེད།

དེ་འདྲ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་རང་ཉིད་ངོས་ནས་ཡིན་ནའང་ད་ལྟ་བར་དུ་ལྷག་བསམ་རྣམ་དག་བྱས་པ་ཡིན། ལྷག་བསམ་རྣམ་དག་བྱས་པ་ཡིན་ནའང་ཕྱིས་སུ་དེ་ལ་སྒྲོ་འདོགས་བྱེད་མཁན་མང་པོ་ཡོང་གི་ཡོད་པ་རེད། མི་དགའ་བ་དེ་ཚོས་དེ་ལ་སྒྲོ་འདོགས་བྱེད་མཁན་མང་པོ་བྱུང་གི་ཡོད་རེད། དེ་ལ་ཐབས་ཤེས་གང་ཡང་ཡོད་མ་རེད། ང་ཚོའི་ནང་ཁུལ་ནས་ཡིན་ནའང་ངས་བསམ་པ་དངོས་གནས་དྲང་གནས་ག་རེ་ཡིན་པ་དེ་ཧ་མ་གོ་བར་ཟེར་ནའང་འདྲ། གོ་བ་མ་ལོན་ཟེར་ནའང་འདྲ། དེ་ལ་འགྲེལ་བཤད་ལོག་པ་རྒྱག་མཁན་དེ་འདྲ་མང་པོ་ཡོང་བསྡད་ཀྱིན་ཡོད་པ་རེད། ལྷག་པར་དུ་ད་རེས་ཨ་རིར་བསྡད་པ་དེའི་ཐོག་ནས་ཡིན་ན། ངའི་འཁྲིས་སུ་སྡོད་མཁན་ཚོའི་གྲས་ནས་ཡིན་ནའང་དེ་ལ་བསམ་ཚུལ་ཤུགས་ཆེན་པོ་བྱུང་བ་རེད། དེ་བཞིན་དུ་གང་ལྟར་ཕྱོགས་མང་པོ་ཞིག་ནས་བསམ་ཚུལ་བྱུང་བ་རེད། དེའི་ཐོག་ནས་ང་རང་ཡིན་ནའང་སེམས་པ་ཧ་ཅང་སྐྱོ་པོ་བྱུང་། བློ་ཕམ་ཆེན་པོ་བྱུང་། གང་རེད་ཟེར་ན། ང་རང་ད་ལྟ་བར་དུ་འབད་བརྩོན་བྱས་པ་དེ་མི་ཚོས་བལྟས་ན་ཡིན་ཤག་ཤག་རེད། ཡིན་ནའང་ང་རང་ངོས་ནས་བློས་གཏོང་མང་པོ་ཞིག་བྱེད་དགོས་པ་མ་གཏོགས་དེ་འདྲའི་ལས་སླ་པོ་ཞིག་ཡོད་མ་རེད། ལས་སླ་པོ་མེད་བཞིན་དུ་ཨུ་ཚུགས་འདྲ་ཞིག་བརྒྱབ་ནས་བསྡད་དུས་འཁྲིས་ལ་སྡོད་མཁན་ཚོས་ཡིད་ཆེས་མ་བྱས་ན་ང་ཡིན་མདོག་མདོག་འདྲ་ཞིག་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག་ཨ། དེའི་རྒྱུ་མཚན་ལ་བརྟེན་ནས་གང་ལྟར་སེམས་པ་སྐྱོ་པོ་འདྲ་ཞིག་བྱུང་། ཅེས་གསུངས་འདུག

ཁོང་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐོག་འགན་བཞེས་ཕྱོགས་སྐོར་ལ་ཁོང་གིས། གང་ལྟར་མ་འོངས་པའི་ཐོག་ལ་ཞུས་པ་ཡིན་ན། རྒྱལ་དབང་ཀརྨ་པ་ཞེས་པ་དེ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་ནས་བཟུང་སྟེ་ད་ལྟ་བར་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བའི་ཆོས་ཕྱོགས་ཀྱི་བླ་མ་ཞིག་མ་གཏོགས་པའི་སྲིད་ཀྱི་ཕྱག་ལས་གནང་མཁན་གང་ཡང་མ་རེད། ད་ལྟ་ང་ཚོ་བོད་གངས་ཅན་གྱི་ལྗོངས་གཉེན་འཕྲང་ཅན་གྱི་དུས་ཚོད་ཅིག་ལ་སླེབས་བསྡད་ཡོད་པ་རེད། དེ་ཡིན་དུས་ལུགས་གཉིས་ཀྱི་ཆ་ནས་ཟེར་ནའང་འདྲ། ཆོས་དང་སྲིད་གཉིས་ཀའི་ཐོག་ནས་ཤུགས་རྒྱག་དགོས་པའི་དུས་ཚོད་ཅིག་སླེབས་བསྡད་ཡོད་སྟབས། ང་ཚོར་ཆབ་སྲིད་ཀྱི་དབུ་ཁྲིད་ཟེར་ན་འདྲ། ཆབ་སྲིད་ཀྱི་ལམ་སྟོན་གནང་མཁན་ང་ཚོར་ཏན་ཏན་དགོས་པ་རེད། ཡིན་ནའང་ངས་ཆབ་སྲིད་ཀྱི་ལམ་སྟོན་བྱེད་པ་དང་། འགན་ཁུར་རྒྱུ་དེ་རྩ་བ་ནས་འཇོན་པ་མ་རེད། ང་རང་གིས་འཇོན་གྱིའང་མ་རེད་ལ། ང་རང་ལ་ཀརྨ་པའི་མིང་ཞིག་ཡོད་པ་ཡིན་པས་དེའི་འོས་བབ་དེ་མིན་པ་རེད། ཆོས་ཀྱི་ཕྱོགས་ནས་ང་རང་གི་བསམ་བློའི་ནང་ག་འདྲ་དྲན་བཞིན་འདུག་ཅེ་ན། ཆབ་སྲིད་ཅེས་པ་དེ་གནས་སྐབས་གནས་སྐབས་ཀྱི་ཕན་དོན་སྒྲུབ་རྒྱུ་ཞིག་དང་། ཆབ་སྲིད་ཀྱི་མི་སྣ་ཞེས་པ་དེ་མྱུར་བར་མྱུར་བར་འགྱུར་བ་འགྲོ་སྡོད་པ་ཞིག་ཡིན་པ་རེད། དེ་བཞིན་དུ་ཆབ་སྲིད་ཅེས་པ་དེ་རིས་སུ་བཅད་དེ་སྡེ་ཚན་འདྲ་བཅད་ནས་དེ་འདྲའི་ཁེ་ཕན་སྒྲུབ་རྒྱུ་འདྲ་ཞིག་ཡིན་པ་རེད། ཡིན་ནའང་ཆོས་ཟེར་རྒྱུ་དེ་སྡེ་ཚན་གྱིས་རིས་སུ་མ་བཅད་པར་ནམ་མཁའ་དང་མཉམ་པའི་མཁའ་ཁྱབ་སེམས་ཅན་གྱི་དོན་སྒྲུབ་རྒྱུ་ཞིག་དང་། དུས་ཚོད་དེའང་མྱུར་བར་མྱུར་དུ་བརྗེ་སྤོ་རྒྱག་རྒྱུ་ཞིག་མིན་པར་འདི་དང་ཕྱི་མ་ཐམས་ཅད་ཀྱི་མགོན་སྐྱབས་བྱེད་རྒྱུ་ཞིག་དང་འདི་དང་ཕྱི་མའི་ལམ་སྟོན་བྱེད་མཁན་ཞིག་ཡིན་པའི་རྐྱེན་གྱིས། ཆོས་སྲིད་གཉིས་འགྲོ་སྟངས་དེ་ཁ་ཁར་གྱུར་བསྡད་ཡོད་པ་རེད། དེར་བརྟེན་ང་རང་ངོས་ནས་ད་ལྟ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་གི་འགན་ཞིག་ཡོད་པ་ཡིན་དུས་མུ་མཐུད་ནས་ཆོས་ཕྱོགས་སུ་འགྲོ་རྒྱུ་རེད། ང་རང་བོད་ལ་ཡོད་དུས་ནས་ཆབ་སྲིད་ཀྱི་ཐོག་ནས་ཅིག་ཡོང་གི་རེད་བསམ་ནས་སེམས་ཁྲལ་འདྲ་ཞིག་བྱས་ནས་རྒྱ་གར་ལ་སླེབས་པ་རེད། རྒྱ་གར་སླེབས་རྗེས་སུ་ཡིན་ནའང་། ཆབ་སྲིད་ཀྱི་ཐོག་ནས་བྱ་བ་ཕྲན་བུ་རེ་བྱེད་དགོས་པ་མང་པོ་བྱུང་སོང་། ད་དེ་ངས་འཇོན་པ་ཞིག་རེད་མི་འདུག ངས་འཇོན་པ་ཡང་མ་རེད་ལ་བྱེད་དགོས་བསམ་པའང་ཅི་ཡང་མེད། དེའི་རྒྱུ་མཚན་གྱིས་དེ་འདྲའི་ཐོག་ནས་ཚང་མས་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད། མདོར་ན་ང་རང་གི་ངོས་ནས་བཤད་ན། རྒྱལ་དབང་ཀརྨ་པ་སྐུ་གོང་མ་དེ་ཚོ་ནང་བཞིན་གྱི་སྤང་རྟོགས་ཀྱི་ཡོན་ཏན་གང་ཡང་ཡོད་མ་རེད། གང་ཡང་མེད་བཞིན་དུ་ད་དུང་ཡིན་མདོག་མདོག་འདྲ་ཞིག་བྱས་ནས་མི་གཞན་དག་གི་མགོ་བོ་སྐོར་ནས་འདུག་དགོས་པ་དེ་དངོས་གནས་ང་རང་ངོས་ནས་བཤད་ན་ལས་ངན་ཚབས་ཆེན་འདྲ་ཞིག་གསོག་གིན་ཡོད་པའི་ཚོར་སྣང་འདྲ་ཞིག་མ་གཏོགས། དེ་ལ་དགའ་བའི་ཚོར་བ་དང་། ང་ལ་དབང་ཆ་ཆེན་པོ་ཞིག་བྱུང་། མི་མང་པོས་ང་ལ་གུས་པ་བྱེད་ཀྱི་འདུག་བསམ་པ་དེ་འདྲའི་ང་རྒྱལ་སྐྱེ་བ་དང་། སྤོབས་པ་སྐྱེ་བ་འདྲ་གང་ཡང་ཡོང་གི་མི་འདུག དེར་བརྟེན་མཚམས་མཚམས་ང་རང་གིས་དྲན་གི་འདུག ང་འདི་ལྟར་བྱས་ན་ཆོ་གང་ཡང་མི་འདུག གཞན་མགོ་བོ་བསྐོར་ནས་བསྡད་པ་ཡིན་ན་ཆོ་གང་ཡང་མི་འདུག དེ་ལས་མི་དཀྱུས་མ་འདྲ་ཞིག་བྱེད། ཆོས་པ་དཀྱུས་མ་འདྲ་ཞིག་བྱས་ན་ཡག་གི་མེད་དམ་བསམ་པའི་ཚོར་བ་ཡོང་གི་འདུག ལྷག་པར་དུ་ཉེ་ཆར་དེ་འདྲའི་ཚོར་བ་ཤུགས་ཆེན་པོ་ཡོང་གི་འདུག ཕྱོགས་གཅིག་ནས་འབད་བརྩོན་ལོ་མང་པོ་བྱས་པ་རེད། ཡིན་ནའང་ཕྱོགས་གཅིག་ནས་དེ་ལས་ཀྱང་ང་གཅིག་པུས་འབད་བརྩོན་བྱེད་ཀྱིན་ཡོད་ཅེས་ང་གཅིག་པུས་ཁང་པ་ཞིག་ཡིན་ན་ཀ་བ་གཅིག་གིས་འཇོག་ཐུབ་རྒྱུ་མ་རེད་ཨ། མི་ཚང་མས་འབད་བརྩོན་བྱས་ནས་རོགས་རམ་བྱེད་དགོས་པ་རེད། མི་ཚང་མས་ནམ་རྒྱུན་གདུལ་བྱ་འདུལ་བྱེད་ཅེས་པ་ཞིག་དགོས་ཀྱི་ཡོད་རེད་ཨ། འདུལ་བྱེད་ཡོད་པ་ཙམ་གྱིས་ཕན་གི་ཡོད་མ་རེད། དེ་ལ་གདུལ་བྱ་ཡོད་དགོས་རེད་ཨ། གཞན་གྱིས་རྒྱབ་སྐྱོར་རྩ་བ་ནས་མེད་པ་ཡིན་ན་རང་གཅིག་པུས་བསྟན་པ་རྒྱས་པ་དང་འགྲོ་བ་ལ་བདེ་སྐྱིད་བསྐྲུན་པ་ཞེས་པ་ཞིག་ཡོད་མ་རེད། ང་ཚོ་ནང་པ་སངས་རྒྱས་པ་ཞེས་པ་དེ་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་མཁན། རྟེན་འབྱུང་གི་ལྟ་བ་ལ་ཡིད་ཆེས་བྱེད་མཁན་ཞིག་རེད། རྟེན་འབྱུང་ཞེས་པ་དེ་གནས་ཚུལ་གང་ཡིན་ནའང་རྒྱུ་རྐྱེན་སྣ་ཚོགས་པ་ཞིག་ལ་བརྟེན་ནས་བྱུང་བ་ཞིག་རེད་མ་གཏོགས་རྒྱུ་གཅིག་དང་རྐྱེན་གཅིག་གིས་འགྲུབ་ཐུབ་པ་ཞིག་ཡོད་མ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ཚང་མས་དེ་འདྲའི་ཐུགས་བསམ་བཞེས་དགོས་པ་ཞིག་རེད།

མདོར་ན་གང་ལགས་ཞེ་ན། ང་ཚོ་བཀའ་བརྒྱུད་པ་དང་ཡང་སྒོས་སུ་ཀརྨ་ཀཾ་ཚང་ཞེས་པ་དེ་ཁྱིམ་ཚང་ཆེན་པོ་ཞིག་ཡིན་བསྡད་ཡོད་པ་རེད། ཁྱིམ་ཞིག་ཡིན་ན་ཁྱིམ་ཚང་ཆེན་པོ་ཞིག་ཡིན་བསྡད་ཡོད་རེད། རྒྱལ་དབང་ཀརྨ་པ་ཞེས་པ་དེ་ཁྱིམ་ཚང་གི་ཨ་ཕའི་ཚུལ་འདྲ་ཞིག་རེད། ཨ་ཕ་གཅིག་པུས་འགན་ཁུར་ཐུབ་པ་ཡོད་མ་རེད། ཁྱིམ་ཚང་དེའི་ཁྱིམ་མི་ཚང་མས་རྒྱབ་སྐྱོར་བྱེད་དགོས་པ་ཞིག་གྱུར་བསྡད་ཡོད་པ་རེད། དེ་བཞིན་དུ་བཀའ་བརྒྱུད་པའི་འདས་པའི་ལོ་རྒྱུས་རིང་མོའི་ནང་བསམ་བློ་བཏང་ན། སྤྱིར་བཀའ་བརྒྱུད་དང་ཡང་སྒོས་སུ་ཀརྨ་ཀཾ་ཚང་ལ་གོད་ཆག་མང་པོ་ཞིག་བྱུང་ཡོད་པ་རེད། དཔེར་ན་སོག་པོའི་གུ་ཤྲི་ཡིས་དམག་བརྒྱབས་ནས་ཀཾ་ཚང་གི་དགོན་སྡེ་མང་པོ་གཏོར་བཤིག་ཕྱིན། བཤད་པའི་རྒྱུན་དང་སྒྲུབ་པའི་རྒྱུན་མང་པོ་ཞིག་ཉམས་ནས་གང་ལྟར་རིག་གནས་གསར་རྗེ་ཆེན་པོ་འདྲ་ཞིག་བྱུང་བ་རེད། དེ་ནས་དེའི་རྗེས་སུ་ལྔ་བཅུ་ང་དགུའིི་རྗེས་ནས་རིག་གནས་གསར་རྗེ་ཆེན་པོ་བྱུང་པ་རེད་ཨ། དེར་བརྟེན་ད་ལྟ་གཞི་ནས་བསྟན་པ་ཡང་དར་ཡོང་བའི་གོ་སྐབས་གཅིག་རེད། གོ་སྐབས་དེ་དམ་འཛིན་བྱས་ནས་ཚང་མས་འབད་བརྩོན་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།

མཚམས་མཚམས་ངས་བསམ་བློ་གཏོང་སྟངས་དེ་ཁ་ཤས་ཀྱིས་གོ་བ་མ་ལོན་པ་དང་། ཧ་མ་གོ་བ། ཁོའི་བསམ་བློ་བཏང་སྟངས་དེ་ག་འདྲ་ཡིན་ནམ་བསམ་ནས་ཧ་མ་གོ་བ་དེ་འདྲ་ཡོང་སྲིད་ཀྱི་རེད། ཡིན་ནའང་། ངའི་བསམ་པ་ལ་གལ་ཆེ་ཤོས་དེ་ང་མིག་རྒྱང་རིང་པོ་ཡོད་ཅེས་དང་། ཕུགས་རྒྱང་རིང་པོར་བསམ་བློ་གཏོང་ཤེས་ཀྱི་ཡོད་ཅེས་བཤད་ཀྱི་མེད། ཡིན་ནའང་ང་རང་གིས་ག་ཚད་ཐུབ་ཐུབ་ཀྱིས་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་དེ་འདྲའི་ལས་ཀ་བྱེད་ཀྱིན་ཡོད་པ་རེད། དེ་འདྲ་ཡིན་དུས་ཁ་ཤས་ཀྱིས་ཡང་ཕུགས་རྒྱང་རིང་པོ་དེ་ཙམ་ལ་བསམ་བློ་མ་བཏང་བ་དེ་འདྲ་ཡོང་སྲིད་པ་རེད། གང་ལྟར་ཡང་དབུ་ཁྲིད་ཟེར་བ་དེ་ལ་རང་ཉིད་ཀྱིས་དབུ་ཁྲིད་དེ་ལ་ཡིད་ཆེས་བྱས་པའི་རྗེས་སུ་ཁོའི་ཐག་གཅོད་དང་ལས་ཀ་བྱེད་སྟངས་ཁ་ཤས་མྱུར་བར་རང་གིས་ཧ་མ་གོ་ནའང་། དེ་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་དགོས་པ་དེ་གལ་ཆེན་པོ་རེད་དྲན་གི་འདུག ཡིན་ནའང་ང་ལ་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་ཟེར་ནས་ཞུས་བ་མིན་ལ། ང་ལ་ཞུ་བའི་ཆེད་དུ་ཞུ་བཞིན་མེད། སྤྱིར་བཏང་མ་འོངས་པར་དབུ་ཁྲིད་ག་འདྲ་ཞིག་བྱུང་ནའང་ཚང་མས་དེ་འདྲ་བའི་ཐུགས་བསམ་བཞེས་དགོས་པ་དེ་གལ་ཆེན་པོ་རེད་བསམ་བཞིན་འདུག ཅེས་གསུངས་འདུག

མཇུག་ཏུ་ཁོང་གིས། དེ་རིང་གནས་ཚུལ་འདྲ་མི་འདྲ་མང་པོ་ཞུས་པ་དེར་ནོར་འཁྲུལ་དང་མ་འགྲིག་པ་དེ་འདྲ་བྱུང་ཡོད་ན་བཟོད་གསོལ་ཞུ་རྒྱུ་དང་།ད་རེས་ཀྱི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐོག་དགེ་བའི་རྩ་བ་ཅི་བསགས་ཡོད་པ་ཡིན་ནའང་། དེ་ཡིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པ། རིང་མིན་བོད་གངས་ཅན་ལྗོངས་སུ་ཞབས་ཀྱི་པདྨོ་མྱུར་དུ་བཀོད་ནས་དམ་པའི་ཆོས་ཀྱི་འཁོར་ལོ་ཟབ་ཅིང་རྒྱ་ཆེ་བ་བསྐོར་ཐུབ་པའི་སྨོན་འདུན་ཞུ་རྒྱུ་དང་། དེ་བཞིན་ཆོས་རྒྱུད་རིས་མེད་ཀྱི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཐམས་ཅད་སྐུ་ཚེ་ཞབས་པད་བརྟན་པ་དང་། ཕྱོགས་བཞིའི་དགེ་འདུན་པའི་སྡེ་ཐམས་ཅད་ཀྱི་ཐུགས་མཐུན་ཁྲིམས་གཙང་བ་ལ་སོགས་པའི་སྒོ་ནས་ཐུགས་སྨོན་གནང་རྒྱུ་ཡིན་པ་གསུངས་འདུག

གསུང་བཤད་ཀྱི་དྲ་ཐག

https://mp.weixin.qq.com/s/tR2qI2Kz-Ui12lzdTfP2jg
https://mp.weixin.qq.com/s/_CV1jrfiIirWoC9FG10Xvg

སངས་རྒྱས་དཀོན་མཆོག་གིས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༨/༠༣/༠༨

Leave a Reply

8 thoughts on “ང་ཚོ་ཞྭ་དམར་ཕྱོགས་མ་རེད་ལ། སི་ཏུའི་ཕྱོགས་ཀྱང་མ་རེད། ཀཾ་ཚང་ཕྱོགས་རེད།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཀརྨའི་སྐྱེ་རབས་བོད་འབངས་འདུལ་བྱར་བསྐྱངས་།
    ཀརྨའི་མཛད་འཕྲིན་ནམ་མཁའི་སྐར་ཚོགས་བཞིན་།
    ཀརྨ་པ་ཡིས་སྒྲུབ་པའི་རྒྱལ་ཚན་བཙུགས་།
    ཀརྨ་པ་ཡིའི་སྐུ་ཚེ་ཁྲི་ལོར་བརྟན་།

  2. གཞུང་པ་ཚེ་དབང་བསོད་ནམས་

    སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་ཀརྨ་པ་།
    སྒྲུབ་པའི་རྒྱལ་ཚན་སྐྱེ་འཕྲེང་རིམ་བྱོན་བསྐྱངས་།
    སྒྲུབ་བརྒྱུད་བསྟན་པ་འཛམ་གླིང་ཧྲིལ་པོར་ཁྱབས་།
    སྒྲུབ་མཆོག་ཀརྨ་པ་ཡིའི་སྐུ་ཚེ་ཁྲི་ལོར་བརྟན་།