འཛམ་གླིང་གི་བུད་མེད་ཚོར་ཐོབ་ཐང་ག་རེ་ཡོད་པ་དེ་བོད་ཀྱི་བུད་མེད་ཚོར་དགོས།

དེ་རིང་རྒྱལ་སྤྱིའི་བུད་མེད་ཉིན་མོར་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བཞུགས་སྒར་གཙོས་གཞིས་ཆགས་མང་པོའི་ནང་བུད་མེད་ཀྱི་གནས་སྟངས་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་སྤེལ་ཡོད་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བཞུགས་སྒར་དྷ་སའི་མེག་གྷན་བཞི་མདོ་རུ། བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་ཉིན་མོ་སྲུང་གཙིའི་ལས་འགུལ་ཞིག་སྤེལ་སོང་བ་དང་། ལས་འགུལ་དེར་བཞུགས་སྒར་ཁུལ་གྱི་མི་མང་དང་གྲྭ་བཙུན་རྣམ་པ་གཙོས་ཕྱི་རྒྱལ་ཡུལ་སྐོར་བ་མང་པོ་ཞིག་གིས་མཉམ་ཞུགས་བྱས་ཏེ། རྒྱལ་སྤྱིའི་བུད་མེད་ཉིན་མོ་ཞེས་པའི་སྦྱར་བྱང་ཞིག་གི་སྟེང་བུད་མེད་ཚོར་རྟེན་འབྲེལ་དང་། ཐོབ་ཐང་འདྲ་མཉམ་དང་བློ་སྟོབས་དགོས་སྐོར་བཅས་ཀྱི་འབོད་ཚིག་བྲིས་པ་སོགས་བྱས་སོང་།

རྒྱལ་སྤྱིའི་བུད་མེད་ཉིན་མོའི་སྐོར་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས། ང་ཚོ་བོད་ཀྱི་བུད་མེད་ཚོར་འཛམ་གླིང་གི་བུད་མེད་ཚོར་ཐོབ་ཐང་ག་རེ་ཡོད་པ་དེ་དགོས་ཀྱི་ཡོད་ལ། བཞུགས་སྒར་ཁུལ་གཙོས་ཁྱོ་ཤུག་མང་པོ་ཞིག་གིས་ལས་འགུལ་འདིའི་ནང་ཆ་ཤས་བླངས་པ་བརྒྱུད་ཤེས་ཡོན་ཡོད་མེད་ལ་མ་ལྟོས་པར་གནས་ཚུལ་མང་པོ་ཞིག་མགོ་འཚོས་འགྲོ་བའི་རེ་བ་བཟུང་བསྡད་ཡོད། ཅེས་བརྗོད་སོང་།

ཡང་སྒྲོལ་མ་དབྱངས་ཅན་ལགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བུད་མེད་ཚོར་ལྟ་སྟངས་ག་རེ་འཛིན་དགོས་མིན་ཐད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་འོག བུད་མེད་མང་པོ་ཞིག་ལ་ཤེས་ཡོན་གྱི་གོ་སྐབས་ཡག་པོ་ཐོབ་ཀྱིན་ཡོད་ཀྱང་། སྤྱི་ཚོགས་ནང་ཐོན་ཡོང་དུས་སོ་སོའི་རྐང་པའི་སྒང་ལངས་ཐུབ་པ་ཞིག་དང་སྤྱི་ཚོགས་ལ་ཕན་ཐོགས་པ། དེ་བཞིན་༧གོང་ས་མཆོག་གི་བཀའ་སྒྲུབ་ཐུབ་པའི་གོ་སྐབས་དེ་མང་པོ་ཞིག་ལ་ཐོབ་ཀྱི་མེད།   ང་ཚོའི་མགོ་འཁྲིད་ཚོས་ཚོགས་འདུ་ཚོགས་ཏེ་ལས་གཞི་མང་པོ་བསྐྲུན་པའི་ནང་བུད་མེད་ཚོས་ཆ་ཤས་ཤུགས་ཆེན་ལེན་གྱི་ཡོད་སྐོར་གསུངས་བསྡད་ཡོད་ཀྱང་། ང་ཚོ་དང་འདྲ་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ད་བར་གཞུང་ལ་དཔལ་འབྱོར་གྱི་རྒྱབ་རྟེན་མ་ཞུས་པར་སོ་སོའི་རྐང་པའི་སྒང་སོ་སོ་ལངས་པའི་ཐོག སྤྱི་ཚོགས་དང་བུད་མེད་ལ་ཕན་ཐོགས་པའི་ལས་ཀ་རྐྱང་བྱས་ནས་འགྲོ་བསྡད་ཡོད། གཞུང་ནས་ང་ཚོ་ཚང་མ་སྤྱི་ཚོགས་ཞབས་ཞུ་མཁན་གཅིག་པ་ཡིན་པའི་ངོས་ནས་དཔལ་འབྱོར་བགོ་བཤའ་རྒྱོབས་ཤིག་ཟེར་གྱི་མེད་ཀྱང་། གནས་སྟངས་ག་རེ་ཡིན་ཡང་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་བྱས་ཏེ་ང་ཚོའི་སྐད་ཆ་ལའང་ཅུང་ཙམ་རེ་གསན་དགོས་པ་དང་། དམིགས་བསལ་བུད་མེད་ཚོར་མཐོང་ཆུང་གནང་རྒྱུ་ཡོད་པ་མ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བུད་མེད་ཚོར་མཐོང་སྤྲོད་དགོས་པ་རེད་ཅེས་གསུངས་པ་ལྟར། ང་རང་ཚོ་མང་ཆེ་བ་འཁྲུང་ས་བསྐྱོན་བཞག་པ་ཤ་སྟག་ཡིན་དུས་བུད་མེད་ཅིག་གིས་རང་ཁྱིམ་དང་ལས་ཁུངས་སོགས་སུ་འགན་ག་ཚོད་ཅིག་འཁྱེར་གྱིན་ཡོད་པ་ཤེས་དགོས་ལ། སྤྱི་ཚོགས་ནང་བུད་མེད་ཀྱི་གནས་སྟངས་ཡག་པོ་ཡོད་པ་ཡིན་ན་སྤྱི་ཚོགས་དེའང་རིང་བཞིན་གྱིས་བརྒྱ་ཆ་བརྒྱ་ཡག་པོ་ཆགས་འགྲོ་ཡི་ཡོད། དེར་བརྟེན། ང་ཚོས་ཕྱིའི་རྒྱལ་ཁབ་ཁག་ལ་དམིགས་དཔེ་བལྟས་ཏེ། མི་མང་གི་དཀའ་ངལ་ཐོག་བསླེབ་མི་ཐུབ་པའི་གཏམ་བཤད་རྫིག་པོ་རེ་བཤད་ནས་བསྡད་པ་ཡིན་ན། དེས་ང་ཚོར་ཕན་རྩ་བ་ཉིད་ནས་ཐོགས་ཀྱི་མི་འདུག ཅེས་བརྗོད་སོང་།

ཡང་མོས།  གཞུང་ངོས་ནས་བུད་མེད་ལ་འཆར་གཞི་མང་པོ་ཞིག་ཡོད་གསུངས་པའི་ནང་ནས་གཅིག་བུད་མེད་ནུས་སྟོབས་གོང་འཕེལ་རེད། ད་ལྟའི་བར་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རང་ནུས་གང་འཇོན་ཐོག་བུད་མེད་མཁས་པ་མང་པོ་གདན་ཞུ་བྱས་པ་སོགས་ཀྱིས་བོད་ཀྱི་བུད་མེད་ཚོར་སློབ་སྦྱོང་སྤྲད་དེ། མ་འོངས་པའི་མགོ་འཁྲིད་ཆགས་ཐབས་དང་སྤྱི་ཚོགས་ལ་ཕན་ཐོགས་པའི་བུད་མེད་ཅིག་ཡོང་ཐབས་ཆེད་ཤུགས་བརྒྱབས་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ལོ་ནས་བཀའ་ཤག་གིས་སྲིད་ཇུས་ཤིག་གཏན་འབེབས་བྱས་ཡོད་གསུངས་དུས། ང་ཚོའི་བུད་མེད་ལྷན་ཚོགས་ག་ཚོད་ཀྱི་རྒྱ་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་འཆར་གཞི་བཟོ་སྐབས་གྲོས་མོལ་གང་ཡང་བྱུང་མེད་ལ། སྤྱིར་བོད་ཀྱི་བུད་མེད་མང་ཆེ་ཤོས་དེ་གཞིས་ཆགས་ཁག་ཏུ་ཡོད་པ་དང་། དེའི་ནང་ནས་ཁག་ཅིག་ཚོང་པ་དང་ཞིང་པ། དེ་བཞིན་ཁག་ཅིག་གིས་བཞུགས་སྒར་ཁུལ་དུ་ཤེས་ཡོན་དང་འབྲེལ་བའི་ལས་གནས་ཉེར་གྱིན་ཡོད་ཀྱང་། ད་དུང་གཞིས་ཆགས་ཁག་ཏུ་བུད་མེད་མང་པོ་ཞིག་ལས་མེད་ཡིན་སྟབས། སྒྲིག་འཛུགས་ངོས་ནས་སྲིད་ཇུས་གཏན་འབེབས་མ་བྱས་སྔོན་ལ་ས་གནས་ས་ཐོག་གི་བུད་མེད་ཀྱི་གནས་སྟངས་རྒྱུན་ལོན་བྱས་ཏེ། ཁོ་ཚོར་མ་འོངས་པའི་འཆར་གཞི་ག་རེ་ཡོད་མེད་འདྲི་ཞིབ་གནང་སྟེ་ལས་གཞི་བསྐྲུན་རྒྱུ་ལས་བུད་མེད་ནུས་སྟོབས་སྤེལ་རྒྱུ་ཡིན་ཞེས་ལས་ཁུངས་ཤིག་བཙུགས་པ་དེས་བུད་མེད་ལ་ཕན་ཐོགས་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན། ཞེས་དང་། གཞུང་གི་ཕྱག་ལས་གནང་སྟངས་དེ་དྲང་མོ་དྲང་བཞག་ཅིག་མ་གནང་བ་ཡིན་ན་ད་ལྟ་སྔོན་མའི་གནས་སྟངས་ནང་བཞིན་བསྡད་མེད་སྐོར་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༠༨

Leave a Reply

4 thoughts on “འཛམ་གླིང་གི་བུད་མེད་ཚོར་ཐོབ་ཐང་ག་རེ་ཡོད་པ་དེ་བོད་ཀྱི་བུད་མེད་ཚོར་དགོས།

  1. ད་བུད་མེད་ཚོགས་པས་ག་རེད་འགྲིག་གི་མི་ཟེར་གྱི་ཡོག་རེད།བོད་པའི་བུད་མེད་དེ་ཚོ་ཁ་ཆེའི་བུད་མེད་དང་འདྲ་བའི་མེད་པ་།མ་འཇོན་ན་མ་གཏོགས་ག་རེད་ཡིན་ན་བྱེད་མཆོག་གི་ཡོད་པ།ཕྲུ་གུ་མ་བཙས་གོང་ཟླ་བ་དགུ་ཨ་མའི་གྲོག་ཁོག་ནང་འཁུར་དགོས་ཀྱི་འདུག་ལབ་ན་མ་གཏོགས།དེ་ནི་ཟློག་ཐབས་མེད་པའི་ལས་དབང་ཞིག་རེད་ལ།ཕོ་མོ་འདྲ་མཉམ་ཡིན་ཟེར་ཁྱོ་ག་ཚོས་ཕྲུ་གུ་སྐྱེས་དགོས་ན་ཡོང་ཐབས་མེད་པ་གསལ་པོ་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་

    བཙན་བྱོལ་སྤྱི་ཚོགས་ནང་བུད་མེད་ཚོར་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པའི་ཐོག་བུད་མེད་ཚོར་དམིགས་གསལ་ས་མིག་གཉིས་སྤྱི་འཐུས་ནང་བཞག་ཡོད་པ་ད་དུང་མ་ཚང་བ་དང་མ་ཐོབ་པ་གྱོང་ཡོད་ན་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ལ་ཞུ་དགོས་པ་ལས་གཏམ་བཤད་ལ་འགན་འཁུར་ནས་བུད་མེད་ལ་དམིགས་གསལ་ཐོབ་ཐང་རག་རྒྱུ་ཁག་ཙམ་མིན་འགྲོ་དེ་ལས་ཁྲིམས་ལུགས་བརྒྱུད་ནས་ཕེབས་ན་གཏམ་དོན་གཉིས་ལ་བཟང་ཆ་ཆེ་བ་ཡོང་ཐུབ་།

  3. བོད་པའི་བེུད་ཚོར་ཐོབ་ཐང་མ་སྤྲད་པ་མ་རེད། མ་ལེན་པ་རེད།
    གོ་སྐབས་མེད་པ་མ་རེད། མ་འཇོན་པ་རེད།

    དེར་བརྟེན་བེུད་ཚོ་ཡར་ཐོན་ཤོག

  4. གཞུང་པ་ཚེ་དབང་བསོད་ནམས་

    འཛམ་གླིང་གི་བུད་མེད་ཚོ་ལ་ཐོབ་ཐང་གང་ཡོད་པ་དེ་བོད་ཀྱི་བུད་མེད་ཚོར་དགོས་ཟེར་བ་དེ་བོད་ཕྱི་ནང་གཉིས་ཀྱིས་བུད་མེད་རང་ལོ་བཅོ་བརྒྱད་ཡན་གྱི་བསམ་ཚུལ་ཨ་ཡིན་།