བཙན་བྱོལ་བའི་མིག་ནང་གི་གསུམ་བཅུ་དུས་དྲན་གླེང་བ།

རྡོ་མེ་འབུད།

འུ་ཚོ་སྒང་བ་བོད་ཀྱི་མི་རིགས་འདི་ལ་མཚོན་ན་གསུམ་པའི་ཚེས་བཅུ་ནི་ཡབ་མེས་ཀྱིས་ཁྲག་གིས་ཉོས་བའི་ཉིན་ནག་ཅིག་དང་ཕུ་ནུ་མྱིིང་སྲིང་དྭ་ཕྲུག་ཏུ་ལུས་པའི་ཉིན་ནག་ཅིག་ཡིན་པས་ན། འཛམ་གླིང་འདིའི་གྲུ་གནས་གང་ཕྱོགས་སུ་གནས་པའི་བོད་དྲི་བྲོ་བའི་བོད་མི་སུ་ཞིག་ཡུན་རུང་རང་ནུས་ལྕོགས་ཚོད་ཀྱིས་སྡུག་གིས་མནར་བའི་རང་སེམས་ལྗེན་པ་དེ་འཛམ་གླིང་མི་མང་ལ་ངོམས་ཐབས་བྱས་ཀྱི་ཡོད་པ་ནི་སྨྲ་མི་དགོས་པའི་བོད་པ་ཚོའི་ཕྲག་གོང་གི་འོས་འགན་ཞིག་ཡིན་མོད། འདས་པའི་ལོ་ངོ་དག་གི་ཉིན་ནག་འདི་ལ་ཕྱི་དྲན་ཞིག་བྱས་ཚེ། ལོ་རེ་ནས་ལོ་རེར་རྒྱ་ཇེ་ཆུང་དང་མི་གྲངས་ཇེ་ཉུང་དུ་འགྲོ་ཡི་ཡོད་པ་འདི་ནི་གསུམ་བཅུ་དུས་དྲན་ཟེར་བའི་ཉིན་ནག་འདི་བོད་པ་ཚོའི་མིག་ལམ་ནས་ཡར་བར་འགྲོ་བའི་སྟ་གོན་གྱི་གོམ་ཁ་དང་པོ་བགྲོད་པ་མ་ཡིན་ནམ། འདི་དང་འདི་ལྟ་བུའི་གནད་དོན་དག་ལ་བསམ་བློ་རེ་ཕྱོགས་དུས་ངུ་བྲོ་བའི་སེམས་གཤིས་ཤིག་གིས་གཅུན་ནས་བསླེབས་སོང་བས་ན། ངས་དེ་རིང་འདི་ནས་སེམས་ཀྱི་ན་ཚ་འདི་སྨྱུག་རྩེ་རྣོན་པོའི་མདུང་ཁ་ནས་ཕྱར་ཚེ་སུ་ལ་ཕོག་ན་དེ་ཡིས་ཁྱེར་ཅིག་ཟེར་བའི་སྐད་ཆ་འདིའོ།

ལོ་རྒྱུན་ལྟར་གཞུང་འབྲེལ་གྱི་མཛད་སྒོ་ཞིག་ཐེག་ཆེན་གཙུག་ལག་ཁང་དུ་འཛོམས་རྗེས་མྱ་ངན་གུས་འདུད་ཟེར་བའི་སྐར་མ་གཅིག་གི་མྱ་ངན་རྫུན་མ་ཞིག་གིས་མགོ་བསུས་ཏེ་རྒྱལ་གླུ་རིང་མོ་ཞིག་གིས་གཞུག་སྐྱོངས་ནས་མགོ་སྲིད་སྐྱོང་དང་ཚོགས་གཙོ་ལ་སོགས་ཀྱིས་གསུང་འཕྲིན་རེ་སྐྱོར་བ་དང་སྦྲགས་ཉིན་ནག་འདིའི་སྡུག་བསྔལ་འདི་དེ་ལྟར་རྫོགས་འགྲོ་བ་ཇི་འདྲའི་ཕང་ཨང། གསུང་འཕྲིན་སྐྱོར་སྐབས་ཀྱི་ཁ་སྦོབས་ཆེ་བའི་སྲིད་སྐྱོང་དང་ཚོིགས་གཙོ། སྐུ་ངོ་དག ད་དུང་དེ་དག་གི་འཁོར་གཡོག་ཏུ་གྱུར་བའི་གཞུང་ཞབས་རྣམས་ནི་འཇའ་ཡར་བ་ལྟར་ཡིབ་ནས་འགྲོ་སྟངས་ལ་བསམ་ན། ཤུལ་གྱི་སྐད་འབོད་ཕྲེང་སྐོར་གྱི་ལས་འགན་ནི་རྒན་རྒོན་ཚོ་དང་གྲྭ་བཙུན་ཚོ། སློབ་ཕྲུག་བཅས་ཀྱི་ལས་སྐལ་རེད་ཟེར་བ་དང་ཀུན་ནས་མཚུངས། ཁོང་ཚོ་ནི་སྐད་ཆ་སྐམ་པོ་རེ་བཤད་དང་རྐུབ་བཅག་སྟོང་པ་རེ་ཟིན་མཁན་མ་གཏོགས་ལུས་སེམས་འཛེམ་མེད་དུ་བོད་དང་བོད་ཆེན་པོའི་དཀའ་ངལ་གདོང་ལེན་བྱ་མཁན་གྱི་བོད་མི་གཙང་མ་ཞིག་ཨེ་ཡིན་ནམ་སྙམ་མོ།།

གང་ལྟར་སྐད་ཆ་དངོས་གནས་བཤད་ན། བོད་མི་ཞིག་ཡིན་པའི་ཆ་ནས་ཡབ་མེས་དཔའ་བོ་དཔའ་མོ་ལྟར་རང་སྲོག་དམར་བོ་བློས་མ་ཐུབ་རུང་ཉིན་ཕྱེད་ཀྱི་ཉིན་ནག་འདིའི་སྐད་འབོད་ཕྲེང་སྐོར་རུ་འཛུལ་ཞུགས་ཙམ་གྱི་འདོད་པའང་མེད་ཚེ། མི་འདི་དག་ནི་རིགས་གང་དུ་གཏོགས་སམ་ཟེར་བའི་དྲི་བ་འདི་མི་འདོན་ཐབས་མེད་བྱུང། ཡང་ཁ་བདེ་མགོ་བདེ་འགས་གཞུང་འབྲེལ་ཡིན་མིན་དང་འཚེ་མེད་ཞི་བ་ཡིན་མིན་གྱི་སྒོ་ལྕགས་ཁོངས་མེད་ཅིག་ཁེར་ནས་རང་ཉིད་ཀྱི་ངན་ཆ་སྦས་ཐབས་བྱ་མོད། དོན་དམ་དུ་མི་རིགས་ཤིག་འཐོར་ནས་འགྲོ་ས་ན་གཞུང་འབྲེལ་དང་འཚེ་མེད་རྩོད་ས་ཞིག་གང་ན་ཡོད་དམ། ལྷག་པར་དུ་སྐད་འབོད་ཕྲེང་སྐོར་བྱས་པ་དེ་འཚེ་ཡོད་དུ་བརྩི་བ་ནི་ཁྱེད་རང་གླེན་པ་ལུག་མགོ་འདྲ་བོ་ཞིག་ཡིན་ན་མ་གཏོགས་མགོ་གྷན་དྷེ་ནས་བཟུང་སྟེ་ལམ་ཁ་འདི་བསྒྱུར་ཡོད་པ་ཤེས་པར་གྱིས། གང་ལྟར་ང་ཚོས་ཤེས་དགོས་པ་ཞིག་ལ་འུ་ཚོ་མི་ག་འདྲ་ཞིག་ཡིན་རུང་མཐོ་གོ་གནས་གང་འདྲ་ཞིག་ཟིན་ཡོད་རུང། ཁྱེད་ཀྱི་དེ་རིང་གི་ལངས་སྤྱོད་འདི་ཁྱོད་ཀྱི་འཇོན་ཐང་གཅིག་པོ་མ་ཡིན་པར་དེ་དག་གི་རྒྱབ་ལྗོངས་ན་བོད་དང་བོད་ཆེན་པོའི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་དང་ལྕགས་ཁང་གྲུ་བཞིའི་ནང་ན་ལྟོགས་སྐོམ་མྱོང་མཁན་གྱི་རླབས་ཆེན་བཙོན་པ་ཚོའི་གཟི་བརྗིད་དང་དཀའ་སྡུག་གིས་བརྗེ་བའི་གྲུབ་འབྲས་ཡིན་པ་མ་བརྗེད་ཅིག་ཟེར་བ་འདི་ཡིན་ནོ།།

གལ་སྲིད་སྐྱེས་ཆེན་དེ་དག་གི་གཟི་བརྗིད་དང་སྙིང་སྟོབས་མེད་ན་བོད་མི་སྙིང་རྗེ་རེད་ཟེར་ནས་འཛམ་གླིང་མི་དམངས་དང་རྒྱལ་ཁབ་གཞན་གྱིས་རོགས་སྐྱོར་དང་སྦྱིན་བདག་བྱ་སྲིད་དམ། གལ་ཏེ་དེ་དག་གིས་རོགས་སྐྱོར་དང་སྦྱིན་བདག་མེད་ན་ཁྱེད་ཀྱི་དེ་རིང་གི་ལངས་སྤྱོད་འདི་གང་ནས་ཡོང་ངམ་ཟེར་བའི་སྐད་ཆ་འདི་དག་ལ་བསམ་བློ་བཏང་ནས་སང་ཉིན་གྱི་གསུམ་བཅུ་དུས་དྲན་གྱི་ཉིན་ནག་འདི་ལ་རྒན་དར་གཞོན་གསུམ་མེད་པར་གཞུང་ཞབས་དགེ་སློབ་མེད་པར་རང་ནུས་གང་ལྕོགས་ཀྱིས་དུས་ཚོད་ཅུང་ཙམ་རེ་བཏོན་ནས་འཛུལ་ཞུགས་བྱ་བར་རེ་བ་བྱ་ལ། གལ་ཏེ་གསུམ་བཅུ་དུས་དྲན་གྱི་ཉིན་ནག་འདི་ལ་ཡིབ་ནས་འགྲོ་མཁན་ཡོད་ཚེ་དེ་དག་གི་མགོ་ལ་ཐོག་གིས་རྒྱག་པར་ཤོག།

བསྐྱར་བཅོས།: ༢༠༡༨/༠༣/༠༩

Leave a Reply

2 thoughts on “བཙན་བྱོལ་བའི་མིག་ནང་གི་གསུམ་བཅུ་དུས་དྲན་གླེང་བ།

  1. ༄༅། གངས་ཆེན་སྐྱིད་གཤོངས་ཀྱི་རྩེད་ཐང་དུ་བཀའ་ཤག་ལ་ངོ་རྒོལ་བ་ཤེས་ཡོན་ཅི་ཡང་མེད་མཁན་དེ་ཚོ་
    གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ངོ་རྒོལ་ལ་ཕྱིན་ཡོད་མེད་ཞིབ་འཇུག་བྱེད་དང།
    དེ་ནས་ཤེས་ཡོང།
    ཡང་ན་ཤེས་ཡོན་མེད། ཡང་ན་ཀླད་པ་མེད།
    མིའི་ཟེར་རྗེས་ལ་རྒྱུགས་པ་ནི་ཀླད་སྟོང་མིན་ན་ཅི་ཡིན།

  2. གཞུང་པ་ཚེ་དབང་བསོད་ནམས་

    བོད་མིའི་མགོ་ལ་ཐོག་རྒྱག་དགོས་མིན་མི་ཤེས་སྟེ་ཐོག་ངོ་མ་བོད་ཡུལ་བཙན་ཁྲོག་བྱེད་མཁན་རྒྱ་མིའི་མགོ་ལ་རྒྱག་དགོས་པ་མ་རེད་དམ་།