ཊོམ་ཕུ་དང་ཀེམ་ཇོང་ཨན་གཉིས་དངོས་སུ་ཐུག་འདོད་འདུག་ཟེར།

ལྷོ་ཀོ་རི་ཡས་འབྲེལ་ལམ་གྱི་ཟམ་པ་བྱས་ཏེ་མི་འགྱངས་བར་ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གཉིས་ཐུག་འཆར་ཡོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཉེ་སྔོན་བྱང་ཀོ་རི་ཡར་གྲོས་མོལ་བྱེད་དུ་ཕྱིན་པའི་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་པས། ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གཉིས་གང་མགྱོགས་ཐུག་འཕྲད་གནང་རྒྱུར་མོས་མཐུན་བྱུང་ཡོད་པ་མ་ཟད། ཀེམ་ཇོང་ཨན་གྱིས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདའ་ཚོད་ལྟ་མཚམས་འཇོག་བྱས་ཏེ། ཀོ་རི་ཡའི་མངའ་ཁུལ་དུ་མཚོན་ཆ་དེ་རིགས་རྩ་མེད་བཟོ་རྒྱུའང་ཁས་ལེན་བྱས་ཡོད་སྐོར་སོགས་བརྗོད་འདུག

ཉེ་སྔོན་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གྱིས་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་པ་བརྒྱུད་ཨ་རིིའི་སྲིད་འཛིན་ལ་འཕྲིན་ཡིག་ཅིག་བསྐུར་ཏེ། ཊོམ་ཕུ་བྱང་ཀོ་རི་ཡར་ཕེབས་པར་མགྲོན་འབོད་བྱས་ཡོད་སྟབས། ཊོམ་ཕུས་ཀེམ་ཇོང་ཨན་གྱི་མགྲོན་འབོད་དང་ལེན་བྱས་ཡོད་སྟབས། ཨ་རི་དང་བྱང་ཀོ་རི་ཡའི་བར་གྱི་ལོ་ངོ་ ༦༩ ལྷག་གི་རྩོད་རྙོག་ཞི་འགྲིག་ཡོང་བའི་རེ་བ་གསར་པ་ཞིག་གི་མགོ་རྩོམ་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག འོན་ཀྱང་། སྲིད་འཛིན་ཊོམ་ཕུས་བྱང་ཀོ་རི་ཡར་བཟུང་བའི་ཉེས་ཆད་ཁག་མཐའ་མའི་ཐག་གཅོད་ངེས་གཏན་ཞིག་གི་ཐོག་མ་བསླེབ་བར་དུ་སྔར་བཞིན་འཛིན་རྒྱུ་ཡིན་སྐོར་བསྒྲགས་འདུག

ཆབ་སྲིད་དཔྱད་ཞིབ་པ་ཁག་ཅིག་གིས། ཨ་རི་དང་བྱང་ཀོ་རི་ཡའི་སྲིད་འཛིན་གཉིས་ཐུག་འཕྲད་བྱ་རྒྱུའི་ཐག་གཅོད་དེ་ནི། ཕྱོགས་གཉིས་ནས་ལོ་མང་རིང་ཕྱི་འབྲེལ་སྲིད་ཇུས་ཁག་ལ་དབྱེ་ཞིབ་བྱས་ཏེ་བྱུང་བ་ཞིག་ཡིན་པས། ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་པའི་གོ་སྒྲིག་འོག གྲོས་མོལ་བྱ་འཆར་ཡོད་པ་དེར་གྲུབ་འབྲས་ཅི་ཞིག་བྱུང་མིན་ཐེ་ཚོམ་བྱེད་དགོས་པ་ཞིག་ཆགས་ཡོད་སྐོར་བརྗོད་ཀྱི་འདུག

ལྷོ་ཀོ་རི་ཡའི་སྐུ་ཚབ་འཐུས་མི་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལམ་སྟོན་པ་ཆོན་ཨི་ཡོན་ལགས་ཀྱིས། ངས་སྲིད་འཛིན་ཊོམ་ཕུར་ཐུག་འཕྲད་བྱས་ཏེ། ཀེམ་ཇོང་ཨན་གྱིས་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུ་ཁས་ལེན་བྱས་སོང་ཞེས་ཞུ་སྐབས། ཁོང་གིས་ཡག་པོ་བྱུང་འདུག ངས་མགྱོགས་པོར་ཀེམ་ཇོང་ཨན་ལ་ཐུག་སྟེ། འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཚུད་དུ་བྱང་ཀོ་རི་ཡ་རྡུལ་ཕྲན་མཚོན་ཆ་རྩ་བ་ནས་མེད་པ་ཞིག་ཏུ་བསྒྱུར་ཐུབ་ཐབས་བྱ་རྒྱུ་ཡིན་ལབ་སོང་། ཞེས་བརྗོད་འདུག

བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བསྟུད་མར་བྱས་པར་བརྟེན། ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་ཀེམ་ཇོང་ཨན་གཉིས་བར་ཁ་འཁྲུག་ཆེན་པོ་བྱུང་སྟེ། ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་དྲག་པོའི་དཔུང་ཤུགས་ངོམ་ཡོད་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་གྱི་ཉེས་ཆད་རིམ་པ་ཞིག་བཅད། ཡིན་ནའང་། འདས་ལོའི་ཕྱི་ཟླ་ ༧ པའི་ནང་བྱང་ཀོ་རི་ཡས་ཨ་རིའི་ནང་སྙོབ་ཐུབ་པའི་རྡུལ་ཕྲན་མཚོན་ཆ་ཞིག་ལེགས་འགྲུབ་བྱུང་ཡོད་སྐོར་ཡོངས་བསྒྲགས་བྱས་ཡོད་པར་བརྟེན། ཨ་རིའི་གཙོས་རྒྱལ་སྤྱིའི་ཐོག་བྱང་ཀོ་རི་ཡའི་དྲག་པོའི་སྟོབས་ཤུགས་ལ་སྔར་ལས་འཇིགས་སྣང་ཆེ་རུ་ཕྱིན་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་བྱང་ཀོ་རི་ཡའི་ནང་ཆེད་གཏོང་གིས་འབྲེལ་མོལ་བྱས། དེ་ནས་ཡུན་རིང་མ་འགོར་བར་ཀེམ་ཇོང་ཨན་གྱི་གཅུང་མོས་སྣེ་འཁྲིད་དེ་ལྷོ་བྱང་ཀོ་རི་ཡའི་བར་ལོ་རྒྱུས་རང་བཞིན་ལྡན་པའི་ཆེས་མཐོའི་དཔོན་རིགས་ཀྱི་ཐུག་འཕྲད་བྱུང་བ་མ་ཟད། ཀེམ་ཇོང་ཨན་གྱིས་ཐོག་དང་པོར་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་པར་དངོས་སུ་ཐུག་འཕྲད་བྱས་པ་དང་། ལྷོ་ཀོ་རི་ཡས་ཨ་རི་དང་བྱང་ཀོ་རི་ཡའི་བར་གྱི་ཟམ་པ་བྱས་ཏེ་ཕན་ཚུན་དངོས་སུ་གདོང་གཏོད་པའི་འབྲེལ་ལམ་གསར་པ་ཞིག་གི་མགོ་འཛུགས་འཆར་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༠༩

Leave a Reply

One thought on “ཊོམ་ཕུ་དང་ཀེམ་ཇོང་ཨན་གཉིས་དངོས་སུ་ཐུག་འདོད་འདུག་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཆབ་སྲིད་མི་སྣའི་ཆབ་སྲིད་ཟློས་གར་ཁྲབ་།
    འཛམ་གླིང་ཧྲིལ་པོ་རྒྱང་ནས་བལྟ་།