གཞོན་ནུའི་ཞི་རྒོལ་བ་འཛིན་བཟུང་བྱས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞི་རྒོལ་བ་ ༨༠ མ་ཟིན་ཙམ་ཞིག་གིས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་ཉེན་རྟོག་པས་ཚང་མ་འཛིན་བཟུང་བྱས་ཡོད་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་སྒོ་ཕྱེས་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞི་རྒོལ་བ་ ༨༠ མ་ཟིན་ཙམ་གྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་གཙང་མ་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་ནག་བོད་ནས་མཐར་སྐྲོད་གཏོང་ཤོག ཅེས་པའི་འབོད་ཚིག་གཙོ་བོ་གསུམ་གྱི་ཐོག་ནས་སྐད་འབོད་བརྒྱབས་ཡོད་པར་བརྟེན། རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་ཚང་མ་འཛིན་བཟུང་བྱས་ཏེ་བཀག་ཉར་འོག་ཡོད་པ་དང་། ཁོང་ཚོ་ག་དུས་ཀློད་གྲོལ་གཏོང་མིན་བཤད་ཁག་པོ་ཆགས་ཡོད་འདུག

འདི་གའི་གསར་འགོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་སུ་ཁ་པར་བརྒྱུད་དེའི་སྐོར་སྐད་ཆ་དྲིས་པར་མོས། ད་རེས་ཀྱི་ལས་འགུལ་འདིའི་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་བག་བྲོ་ལགས་ཀྱི་གཙོས་གཞོན་ནུ་ལྷན་ཚོགས་དབུས་རྒྱུན་བཀྲ་ཤིས་དར་རྒྱས་ལགས་དང་། རོ་ཧིན་ནེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སློབ་ཕྲུག་བུ་མོ་ ༢༤ དང་བུ་ ༥༦ བཅས་ཁྱོན་བསྡོམས་མི་ ༨༠ མ་ཟིན་ཙམ་ཞིག་ཡོད་པ་དང་། སང་ཉིན་གསུམ་བཅུའི་དུས་དྲན་གྱི་དངོས་གཞི་ཡིན་སྟབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་དགོས་ཀྱི་ཡོད་དུས། ད་ལྟའི་ཆར་ལས་འགུལ་བ་རྣམས་ཀློད་གྲོལ་གཏོང་མིན་ཧ་གོ་ཡི་མེད་པས་སེམས་འཚབ་ཡོད་སྐོར་སོགས་བརྗོད་བྱུང་།

ད་རེས་ཀྱི་ལས་འགུལ་གསུམ་བཅུའི་དུས་དྲན་སྔོན་ལ་སྤེལ་དགོས་དོན་སྐོར་ལ་མོས། ང་ཚོ་ཚང་མས་མཁྱེན་དགོས་པ་ཞིག་ལ་ལོ་རྒྱུས་ལ་འགྱུར་བ་ཁྱོན་ནས་གཏོང་རྒྱུ་མེད་དུས། ང་ཚོའི་འབོད་སྒྲ་གཙོ་བོ་གསུམ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། བོད་རང་བཙན་གཙང་མ་ཡིན། དེ་བཞིན་བོད་དེ་བོད་མི་ཚོར་བདག་གི་ཡོད་སྟབས། རྒྱ་མི་བོད་ནས་མཐར་སྐྲོད་གཏོང་ཤོག་བཅས་ཀྱི་འབོད་སྒྲ་བསྒྲགས་ཡོད་ལ། ད་རེས་གསུམ་བཅུའི་དུས་དྲན་སྔོན་ལ་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་ནི། ང་ཚོས་རྒྱ་ནག་གཞུང་ལ་སུན་པོ་བཟོ་དགོས་པ་དང་བརྡ་ལན་ཞིག་སྤྲོད་དགོས་ཀྱི་ཡོད་དུས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དེ་ལྟེ་བ་ཞིག་ཆགས་ཡོད་སྟབས། དེ་རིང་རེས་གཟའ་པ་སངས་ཉིན་གཞུང་ཚབ་ཁང་སྒོ་ཕྱེས་ཡོད་པའི་གོ་སྐབས་དང་བསྟུན་ཏེ་ལས་འགུལ་སྤེལ་བ་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༠༩

Leave a Reply

2 thoughts on “གཞོན་ནུའི་ཞི་རྒོལ་བ་འཛིན་བཟུང་བྱས།