འདི་ལོའི་གསུམ་བཅུའི་དུས་དྲན་ཐོག་བོད་མི་རྣམས་ཆིག་སྒྲིལ་དགོས་ཞེས་པའི་འབོད་ཚིག་བསྒྲཊ།

དེ་རིང་བོད་མིའི་སྒེར་ལངས་ཆེན་མོ་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པའི་ཐོག་བཀའ་སྤྱི་གཉིས་ནས་ལྷ་ལྡན་གཙུག་ལག་ཁང་གི་མེ་སྐྱོན་འབྱུང་རྐྱེན་དང་གནོད་སྐྱོན་སོགས་ཀྱི་ཐད་རྒྱལ་སྤྱིའི་རང་དབང་ཅན་གྱི་ཚོགས་སྡེ་ནས་ཞིབ་འཇུག་གིས་དངོས་ཡོད་གནས་ཚུལ་ཤེས་རྟོགས་དགོས་པའི་འབོད་སྐུལ་ནན་པོ་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་གྱི་ཐོག་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། བོད་མིའི་རང་དབང་སྒེར་ལངས་ཆེན་མོ་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པ་གཞུང་འབྲེལ་སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས། སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇོ་ཤི་བྷེ་ཁེལ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་སྤྱི་འཐུས་རྣམ་པ། ཕྱི་རྒྱལ་ཁག་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ། གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུ་ལས་བྱེད། དྷ་སའི་ཉེ་འཁོར་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། ཉེ་ཁུལ་སློབ་གྲྭ་ཁག་གི་སློབ་ཕྲུག་དང་དགོན་སྡེ་ཁག་གི་གྲྭ་བཙུན། དྷ་སའི་སེར་སྐྱ་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་བཅས་ཁྱོན་མི་གྲངས་ ༣༠༠༠ ཡས་མས་ཤིག་འཛོམས་འདུག

  མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་སྤྱི་འཐུས་ཀྱི་གསུང་བཤད་ཡིག་ཐོག་ནས་སྒྲོགས་སྦྱངས་གནང་བའི་ནང་། བོད་རབ་གནས་ས་ཁྱི་ལོའི་ལོ་གསར་ཚེས་ ༢ ཏེ་ཕྱི་ཚེས་ ༡༧ ཉིན་རྒྱལ་སྤྱིའི་རིག་དངོས་ཁོངས་སུ་ཚུད་པའི་ལྷ་ལྡན་གཙུག་ལག་ཁང་ལ་གློ་བུར་མེ་སྐྱོན་ཚབས་ཆེན་བྱུང་ཡོད་ཀྱང་། ད་བར་རྒྱ་གཞུང་གིས་མེས་སྐྱོན་ཇི་ལྟར་བྱུང་མིན་དང་། རྟེན་གཙོ་ཇོ་བོ་རིན་པོ་ཆེར་མེ་སྐྱོན་གྱི་གནས་སྟངས་སྦས་གསང་གིས་ཁ་གསལ་འགྲེལ་བརྗོད་གང་ཡང་བྱས་མེད་ན། བོད་མི་མང་གི་དད་མོས་ཞུ་ཡུལ་དང་རྩ་ཆེའི་རིག་དངོས་རྣམས་ལ་གཙིགས་འཛིན་དང་སྲུང་སྐྱོབ་ཇི་ཙམ་གནང་གི་ཡོད་མེད་ཧ་ཅང་གསལ་པོ་ཆགས་ཡོད། ད་དུང་མགོ་རྔ་མི་མཚུངས་ཤིང་ཡིད་ཆེས་མི་ཐུབ་པའི་གསར་འགྱུར་ཡ་མ་ཟུང་སྤེལ་ཏེ་འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་ཐབས་བྱས་ཡོད། དེར་བརྟེན་ལྷ་ལྡན་གཙུག་ལག་ཁང་གི་རྟེན་དང་བརྟེན་པར་བཅས་ལ་མེ་སྐྱོན་ཇི་ལྟར་བྱུང་མིན་འབྲེལ་ཡོད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྩད་གཅོད་ཀྱིས་དངོས་ཡོད་གནས་ཚུལ་ཤེས་རྟོགས་གསལ་སྟོན་ཐུབ་པ་བྱ་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།

རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཅས་ལ་རྣམ་ཀུན་ནས་ཁ་བྲལ་རིང་ལུགས་ཞེས་སྐྱོན་བརྗོད་དང་། མཁྲེགས་བཟུང་གི་སྲིད་བྱུས་འཛིན་བཞིན་པར་མངོན་གསལ་དོད་པོས་འགྱུར་བ་གང་ཡང་བཏང་མེད། རྒྱ་གཞུང་གིས་གུ་ཡངས་ཀྱི་སྲིད་བྱུས་བཟུང་སྟེ་བོད་མི་རིགས་ཀྱི་མངོན་འདོད་ལ་བདག་སྤྲོད་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་དགོས་པ་ནི་གཡོལ་ཐབས་མེད་པ་ཞིག་དང་། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་ཡོང་ཐབས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་གྲོས་མོལ་ཡོང་ཐབས་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་མེད་པར་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཀྱང་གཡས་ཁག་གཡོན་དཀྲི་མེད་པར་དུས་ཚོད་དམ་འཛིན་གྱིས་བོད་རྒྱ་འབྲེལ་མོལ་མྱུར་དུ་ཡོང་ཐབས་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད།

གངས་ཅན་བོད་མི་ཡོངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླང་དོར་གྱི་ལམ་སྟོན་སྤྱི་དང་། ཁྱད་པར་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་རྣམས་ཀྱི་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱིས་མགོན་པོ་གང་ཉིད་ཐུགས་དགྱེས་པའི་ལས་དོན་བསྒྲུབ་དགོས་རྒྱུ་ནི་གཡོལ་ཐབས་དང་ངོ་ལྐོག་གཏན་ནས་བྱ་མི་རུང་བའི་ལས་འགན་གལ་ཆེ་ཞིག་ཡིན་ན། བོད་མི་ནང་ཁུལ་མཐུན་ལམ་དང་། བོད་སྤྱི་པའི་བསོད་ནམས་གོང་མཐོར་གཏོང་ཐབས། བོད་ཀྱི་ཆོས་དང་། རིག་གཞུང། སྐད་ཡིག་སོགས་ལ་གཅེས་འཛིན་གྱི་བོད་སྤྱི་པའི་ལས་དོན་ཐོག་ནུས་པ་མཉམ་སྤུངས་དང་ཕྱར་གྲུ་མཉམ་འདེགས་ཞུ་དགོས་རྒྱུ་བཅས་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀར་ཕན་པའི་ལས་འགན་གལ་ཆེ་ཞིག་ཀྱང་ཆགས་ཡོད་པས་ཚང་མས་ལག་བསྟར་དོན་ཐོག་ཏུ་སྨིན་པར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

བོད་ཀྱི་བདེན་པའི་འཐབ་རྩོད་དང་བཙན་བྱོལ་བོད་མིར་མཐུན་འགྱུར་གནང་མཁན་རྒྱ་གར་དབུས་སའི་གཞུང་དང་མི་མང་གཙོས་རྒྱལ་སྤྱིའི་ནང་གི་གཞུང་དང་། གྲོས་ཚོགས། མི་མང་བཅས་ཚང་མར་དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་བཀའ་དྲིན་དྲན་བཞིན་པའི་སྒོ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་འདུག

དེ་ནས་སྲིད་སྐྱོང་མཆོག་ནས་བཀའ་ཤག་གི་གསུང་བཤད་ཡིག་ཐོག་ནས་སྒྲོགས་སྦྱངས་གནང་བའི་ནང་། ད་རེས་ཀྱི་གོ་སྐབས་དང་བསྟུན་ནས་ཞུ་རྒྱུའི་བློ་འཚབ་བྱེད་དགོས་པའི་གནས་ཚུལ་ཞིག་ལ། ཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༡༧ དང་བོད་ས་ཁྱི་ལོའི་ལོ་གསར་ཚེས་ ༢ ཉིན་བོད་ཀྱི་རིག་དངོས་ནང་ནས་རྩ་ཆེ་ཤོས་ཡིན་པ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། རིག་གཞུང། ཚན་རིག་བཅས་ཀྱི་ལྷན་ཚོགས་ (UNESCO) ཀྱི་རྩ་ཆེའི་རིག་དངོས་སྲུང་སྐྱོབ་ཁོངས་སུ་བཞག་པའི་ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་བ་ནི་བོད་མི་རིགས་ཙམ་མིན་པར། འཛམ་གླིང་ཁྱོན་ཡོངས་ཀྱི་བློ་ཕམ་བྱེད་དགོས་པའི་གནད་དོན་ཞིག་ཡིན། རྒྱ་ནག་དབུས་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གཉིས་ཀས་མེ་སྐྱོན་དེའི་འབྱུང་རྩ་དང་། སྐྱོན་ཆག་ག་ཚོད་བྱུང་ཡོད་མིན་གྱི་སྐོར་ལ་གནས་ཚུལ་ཁ་གསལ་ཞིག་ད་བར་བཤད་མེད། ང་ཚོས་ཤེས་པའི་ཁུངས་ལྡན་གནས་ཚུལ་ལྟར་ན་གཙུག་ལག་ཁང་གི་སྐུ་གསུང་ཐུགས་རྟེན་རྩ་ཆེན་མང་པོ་ད་རེས་ཀྱི་མེ་སྐྱོན་དེས་འཇིག་ཡོད་ཚོད་འདུག རྒྱ་ནག་གཞུང་གིས་གནས་ཚུལ་འགེབས་སྲུང་བྱེད་ལྟངས་ལ་བལྟས་ཚེ་ལྷ་ལྡན་གཙུག་ལག་ཁང་གི་སྐུ་གསུང་ཐུགས་རྟེན་རྣམས་ལ་གསོ་ཐབས་བྲལ་བའི་གནོད་སྐྱོན་ཚབས་ཆེ་བྱུང་མེད་དམ་སྙམ་པ་དང་། ལྷག་པར་མེ་སྐྱོན་གྱི་འབྱུང་རྐྱེན་ལ་ཡང་དོགས་གཞི་ཆེན་པོ་མི་བྱེད་ཀ་མེད་ཀྱི་གནས་སྟངས་ཤིག་རེད། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚན་པའི་སྐུ་ཚབ་དང་། རྒྱལ་སྤྱིའི་གསར་འགོད་པ་བཏང་ནས་མེ་སྐྱོན་གྱི་འབྱུང་རྩ་དང་སྐྱོན་ཆག་ཇི་བྱུང་སྐོར་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རྒྱུར་འབོད་སྐུལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། དེ་བཞིན་བོད་ཁྱོན་ཡོངས་སུ་ཡོད་པའི་གནའ་དེང་གི་རྩ་ཆེའི་རིག་དངོས་རྣམས་ལ་བདག་སྲུང་ནན་པོ་བྱེད་དགོས་པ་དང་སླད་ཕྱིན་ད་རེས་ལྟ་བུའི་ཉམས་ཉེས་མི་འབྱུང་བའི་དམ་འཛིན་དགོས་པ་ཡང་འབོད་སྐུལ་བྱེད་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ཕེབས་བཞིན་པ་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༡༠ པའི་ནང་རྒྱལ་སྤྱིའི་གནས་ཚད་ལྡན་པའི་ ༥།༥༠ འཆར་སྣང་གི་ཚོགས་འདུ་ཆེན་པོ་ཞིག་བསྐོངས་ཡོད། ཚོགས་འདུ་དེའི་ནང་དོན་གཙོ་བོ་ནི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་རྒྱ་ནག་གཞུང་དང་གྲོས་མོལ་འགོ་འཛུགས་ཐུབ་ཐབས་ཀྱིས་ལོ་ལྔའི་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་འབད་བརྩོན་བྱེད་རྒྱུ་དང་། ཅི་སྟེ་བོད་དོན་བདེན་མཐའ་གསལ་རྒྱུར་ལོ་ལྔ་བཅུ་དུས་འགོར་བྱུང་ན་ཡང་བོད་མིའི་སྒྲིག་འཛུགས་འདི་མུ་མཐུད་སྲ་བརྟན་རྒྱུན་གནས་ཐུབ་པ་བྱས་ཏེ་བོད་མིའི་རང་དབང་འཐབ་རྩོད་རྒྱུན་སྐྱོང་བྱེད་རྒྱུའི་ཕུགས་འཆར་ཞིག་ཡིན། རྒྱ་ནག་གི་ངོས་ནས་བོད་ཀྱི་གནད་དོན་འདི་བཞིན་དུས་འགྱངས་བྱས་ནས་ཡལ་འགྲོ་བའི་ཕུགས་དམིགས་ནི་དུས་ནམ་ཡང་མི་འགྲུབ་པའི་རྩིས་ལོག་ཅིག་ཡིན་པ་ངོ་སྤྲོད་གསལ་པོ་བྱེད་རྒྱུ་ཡིན། དེར་བརྟེན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྐབས་གཉིས་པའི་ལས་ཡུན་རིང་བོད་མིར་དྲག་གནོན་བྱེད་པའི་སྲིད་བྱུས་ལ་བསྐྱར་ཞིབ་དང་། ༸གོང་ས་མཆོག་གི་སྐུ་ཚབ་དང་གྲོས་མོལ་བསྐྱར་མཐུད་ཀྱིས་བོད་ཀྱི་གནད་དོན་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་པའི་རེ་བ་དང་འབོད་སྐུལ་བསྐྱར་ནན་བྱེད་རྒྱུ་ཡིན། དེ་དང་ཆབས་ཅིག་ཡོ་རོབ་གྲོས་ཚོགས་ཐེ་བའི་བོད་རྒྱའི་གྲོས་མོལ་བསྐྱར་མཐུད་ཡོང་རྒྱུར་སྔ་ཕྱིར་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྒེར་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཆོལ་གསུམ་བོད་མི་རྣམས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དགོས་སྐོར་གསུང་བཤད་ནང་། ཕྱི་ལོ་ ༡༩༦༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་འོག་བོད་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་དབུ་འཁྲིད་ཚོས་གནས་མཆོག་རྡོ་རྗེ་གདན་དུ་ཆིག་བསྒྲིལ་གོང་བུ་གཅིག་གྱུར་བྱེད་རྒྱུའི་མནའ་གན་མཐུ་མོ་ཆེ་བཞག་པ་ལྟར། བོད་མི་ཚོ་ནང་ཁུལ་ཆོལ་ཁ་དང་། ཆོས་ལུགས། ལུང་ཚན་སོགས་ཀྱི་འཐེན་འཁྱེར་མེད་པར་བོད་མི་ནང་ཁུལ་ཆིག་བསྒྲིལ་དམ་ཟབ་ཡོད་ཀྱང་། བར་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆོལ་ཁའི་འཐེན་འཁྱེར་ཡོང་བཞིན་པའི་གནས་སྟངས་ནི་བློ་ཕམ་གྱི་རང་བཞིན་ལས་མ་འདས། དེའི་རྐྱེན་པས་གཞིས་བཞུགས་བོད་མི་མང་སེམས་ཤུགས་ཆགས་གཞི་དང། ལྷག་པར་བོད་མིའི་འཐབ་རྩོད་ལའང་གནོད་གཞིར་གྱུར་ན་དེ་བས་བློ་འཚབ་བྱེད་དགོས་པ་ཞིག་རེད། ང་ཚོ་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་ལ་དོ་ཕོག་བྱུང་ནས་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་རྒྱུ་དེ་ང་ཚོར་མི་དགོས་པ་དང་རྒྱ་གཞུང་ལ་དགོས་པ་དེ་ཆགས་ཀྱི་ཡོད། དེ་བཞིན་ཅོལ་ཆུང་འགའ་ཤས་ཕ་རོལ་པོའི་བེད་སྤྱོད་འོག་ཚུད་ནས་བོད་མི་ནང་ཁུལ་འཁྲུག་གཞིའི་ལག་ཆར་འགྱུར་ན་ཚད་ལས་བརྒལ་བའི་ཐབས་སྡུག་གི་གནས་སྟངས་ཤིག་རེད། དེ་འདྲ་སོང་ཙང་བྱེས་འབྱོར་བོད་མི་ཚང་མས་ཆིག་བསྒྲིལ་གྱི་གོང་བུའི་ནུས་པ་སྲ་བརྟན་དགོས་པའི་འབོད་སྐུལ་ནན་པོ་བྱེད་རྒྱུ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་དང་བཀའ་སློབ་ལམ་སྟོན་འོག་བོད་མི་རྣམས་ཡ་རབས་སྤྱོད་བཟང་དང་། ནང་ཁུལ་མཐུན་སྒྲིལ་དམ་ཟབ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། རྒྱ་གར་དང་རྒྱལ་སྤྱི་ཁྱོན་ཡོངས་ནང་བོད་དང་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་འཐོབ་བཞིན་ཡོད་པ་ཚང་མས་བློ་ངེས་དགོས་རྒྱུ་གལ་ཆེན་པོ་ཡིན། ཞེས་སོགས་གསུངས་འདུག

སྐུ་མགྲོན་གཙོ་བོ་སྐུ་ཞབས་ཇོ་ཤི་བྷེ་ཁེལ་ལགས་ཀྱིས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཕྱི་ལོ་ ༢༠༡༤ ལོར་ང་རང་རྒྱ་གར་བྷེ་ཇི་ཕུ་སྲིད་དོན་ཚོགས་པའི་ནང་ཞུགས་ཏེ་རྒྱལ་ཡོངས་འོས་བསྡུའི་ནང་འཛུལ་ཞུགས་བྱས་ཀྱང་ཕམ་པ་རེད། ཡིན་ནའང་།  སྐབས་དེར་འོས་ཕམ་བྱུང་མིན་ལ་མ་ལྟོས་པར་ལོ་རྒྱུས་ཤིག་བསྐྲུན་ཡོད་པ་རེད། སྐབས་དེའི་གྲོས་ཚོགས་ཚོགས་དུས་རང་གི་ཐོག་ངའི་སྲིད་བློན་མཆོག་ནས་ང་གྲོས་ཚོགས་ནང་སྐད་བཏང་སྟེ་གྲོས་ཚོགས་འཐུས་མིར་བསྐོ་བཞག་གནང་སོང་།  དཔེ་མཚོན་དེས་རྒྱ་གར་ནང་དམངས་གཙོའི་ཐོབ་ཐང་ལ་རྡོག་རོལ་མི་གཏོང་བར་དམངས་གཙོའི་རང་དབང་དང་ཐོབ་ཐང་དགོས་པ་སྟོན་གྱི་ཡོད་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་བོད་མི་ཚོས་སོ་སོའི་ཆོས་དང་རིག་གཞུང་གཙོས་མི་རིགས་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་སོགས་ཀྱི་འབད་བརྩོན་ལ་ང་ཚོའི་གཞུང་ངོས་ནས་ཀྱང་རྒྱབ་སྐྱོར་དང་མུ་མཐུད་རྒྱུན་འཛིན་གནང་བའི་རེ་བ་ཡོད། བོད་མི་ཚོས་ཡག་པོ་གནང་གི་འདུག ཅེས་གསུངས་སོང་།

ཡང་ཁོང་གིས། ཕྱི་ལོ་ ༡༩༦༢ ལོ་སྟེ་ང་རང་བྱིས་པ་ཡིན་དུས། རྒྱ་ནག་གིས་རྒྱ་གར་ལ་བཙན་འཛུལ་བྱས་ཡོད་པ་དང་། སྐབས་དེར་ངས་རྒྱ་ནག་གིས་འགྲོ་བ་མིའི་རིགས་ལ་གདུག་རྩུབ་ཆེན་པོས་གཉའ་གནོན་བྱེད་ཀྱིན་ཡོད་པ་དངོས་སུ་མཐོང་བྱུང་ལ། དེ་མཚུངས་སུ་ལོ་ངོ་ ༦༠ མ་ཟིན་ཙམ་གྱི་ཡར་སྔོན་དུ་བོད་ལའང་གདུག་རྩུབ་ཀྱི་གཉའ་གནོན་བྱས་ཡོད་པ་རེད། ད་ལྟ་བོད་མི་ཚོས་བོད་ནང་ནས་སྐད་འབོད་རྒྱག་མི་ཆོག་སྟབས། དེ་རིང་ཁྱེད་རང་ཚོ་འདིར་རྒྱ་གར་ནང་ཕེབས་ཏེ་བོད་དོན་འཐབ་རྩོད་བྱེད་ཀྱིན་ཡོད་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ།  བོད་མི་ཚོས་མཚོན་ཆ་དང་དྲག་ཤུགས་ལ་མ་བརྟེན་པར་བརྩེ་བ་དང་བློ་རིག་སྤྱད་དེ་འཐབ་རྩོད་བྱས་ཚེ་དགྲ་ཕམ་ཉེས་གཏོང་ཐུབ་ངེས་རེད། ང་ཚོའི་འཇིག་རྟེན་འདིར་འཚེ་བ་མི་དགོས་ལ། ང་ཚོའི་ཡབ་ཆེན་མ་ཧ་ཊ་མ་གྷན་དྷི་མཆོག་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སོགས་ནས་ཀྱང་འཚེ་བ་མི་དགོས་གསུངས་ཡོད། ང་ཚོ་བྱམས་པ་དང་བརྩེ་བ་ལ་དགའ་བ་ལས་གཏོར་བཤིག་གཏོང་རྒྱུར་དགའ་བའི་རྒྱ་ནག་ལྟ་བུའི་དབང་ཆ་གཅིག་སྡུད་རིང་ལུགས་པར་དགའ་པོ་མེད། དེར་བརྟེན་བོད་མི་ཚོས་ལས་དོན་ཅི་ཞིག་སྒྲུབ་ཀྱང་རྒྱ་གར་མི་མང་ཐེར་འབུམ་ ༡༢༥ ཡིས་ག་དུས་ཡིན་ཡང་ཁྱེད་རང་ཚོའི་འདས་པའི་ལོ་རྒྱུས་ལ་ངོས་འཛིན་དང་། མི་རིགས་སྲུང་སྐྱོབ་སོགས་ཀྱི་རྒྱབ་ཏུ་ལངས་ཡོད་པ་དྲན་པ་མ་བརྗེད་རོགས་ཞུ་རྒྱུ་ཡིན་ལ། ངས་ལྷག་བསམ་རྣམ་དག་གིས་སྐད་ཆ་བཤད་ཀྱིན་ཡོད་པ་ལས་ཆབ་སྲིད་ཀྱི་སྐད་ཆ་བཤད་ཀྱི་མེད། འཛམ་གླིང་ནང་དྲག་པོ་ཇི་ཙམ་གྱིས་ཉུང་ན་དེ་ཙམ་གྱིས་ཞི་བདེ་དང་ལྷིང་འཇགས་ཡོང་གི་ཡོད་སྟབས། ཞི་བདེ་དང་བྱམས་བརྩེ་ནི་འགྲོ་བ་མིའི་རིགས་ལ་མཁོ་བ་ཁོ་ན་དེ་ཡིན། ཞེས་གསུངས་སོང་།

གཙུག་ལག་ཁང་གི་གཞུང་འབྲེལ་མཛད་སྒོ་གྲོལ་རྗེས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག བཞུགས་སྒར་མེག་གྷན་ནས་དྷ་ཤོད་རྩེད་ཐང་བར་དུ་ཞི་བའི་གོམ་བགྲོད་ཀྱིས། བོད་ལ་རང་དབང་དགོས། རྒྱ་མི་བོད་ནས་ཕར་རྒྱུགས། བོད་རང་བཙན་གཙང་མ་ཡིན། བོད་མི་རྣམས་ཆིག་སྒྲིལ་དགོས། ༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༧པཎ་ཆེན་ཡང་སྲིད་རིན་པོ་ཆེ་འཕྲལ་དུ་ཀློད་གྲོལ་དགོས་ཟེར་བ་སོགས་ཀྱི་འབོད་སྒྲ་བསྒྲགས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༡༠

Leave a Reply

9 thoughts on “འདི་ལོའི་གསུམ་བཅུའི་དུས་དྲན་ཐོག་བོད་མི་རྣམས་ཆིག་སྒྲིལ་དགོས་ཞེས་པའི་འབོད་ཚིག་བསྒྲཊ།

  1. ༄༅། སྲིད་སྐྱོང་ལགས་་་་བཀྲིས་བདེ་ལེགས་ཡོད།
    ཞུམ་མི་དགོས་མང་ཚོགས་ཁྱོད་རྒྱབ་ཡོད།
    འཇིགས་མི་དགོས་མཆོག་གསུམ་ཁྱོད་བསྐྱབ་ཡོང།
    བཤད་མི་དགོས་མང་པོ་བཤད་ཚར་སོང།
    ནད་མ་འཁྱག་ཕྱི་ནང་ཁྲིམས་ལ་གཏུགས།

  2. ཕ་ཡུལ་གངས་ལྗོངས།

    སྤྱི་ཚོགས་ཕུན་ཚུལ་ཟུར་ཟ་དང་རྙོག་དྲ་བཤད་བསྡད་ན་ཕན་ཐོག་གང་ཡང་མ་མཐོང།ད་བོད་པའི་སྤྱི་ཚོགས་ནང་རྙོག་གླེང་མང་དྲག་སོང།ངས་བསམ་པ་ཁྱེད་ཚོས་ཁྲིམས་ཁང་ནང་འགྲོ་ནས་གཙང་མ་བགྱི

  3. ཨོ་ཡ། ད་སྲིད་སྐྱོང་ལ་ཁ་དཔེ་གཅིག་རང་འདུག ཆུ་མགོ་ནས་རྙོགས་ན་དྭངས་མེད། སྒྲིག་འགོ་ནས་བཤིག་ན་གཞུག་མེད། ་་་་་་!!!

  4. དགིད་མོ་ཤོར་ཡ་རང་རེད་ཡ།
    ད་ལྟའི་བར་ཆིག་སྒྲིལ་གཏོར་གང་ཐུབ་བྱས་ནས་གཏོར་སོང་།
    ད་ག་རེ་དྲན་པ་ཡིན་ནམ་ཆིག་སྒྲིལ་དགོས།
    ཆིག་སྒྲིལ་གནང་རོགས་ཟེར་ཡ་དེ་གང་རེད་ཡ།