ལྷམ་ ༡༤༠༠༠ བསྒྲིགས་ནས་རྗེས་དྲན་ཞུས།

ཨ་རིའི་ནང་མེ་མདའི་དོན་རྐྱེན་འོག་མི་གྲངས་ ༢༦༨༡༩ ཡིས་ཚེ་སྲོག་ཤོར་ཡོད་པ་དང་ལོ་རེར་བྱིས་པ་ ༡༢༩༧ མེ་མདའི་རྐྱེན་ངན་ཁྲོད་འདས་གྲོངས་སུ་འགྲོ་ཡི་ཡོད་འདུག

ཨ་རིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༡༢ ལོ་ནས་ཨ་རིའི་ནང་མི་མང་འདུ་འཛོམས་བྱེད་ས་དང་སློབ་གྲྭ་སོགས་སུ་དྲག་སྤྱོད་སྤེལ་ཏེ། ད་བར་ཁྱོན་བྱིས་པ་ ༧༠༠༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་སྟབས།  ཁ་སང་ཨ་རིའི་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་མཉམ་རུབ་ཀྱིས་ཕོ་བྲང་དཀར་པོའི་འགྲམ་དུ། ལྷམ་ཆ་ ༧༠༠༠ བསྒྲིགས་ཏེ་ཚེ་སྲོག་ཤོར་བའི་མི་མང་སྤྱི་དང་། དམིགས་བསལ་གྱིས་དྲག་སྤྱོད་ཁྲོད་རྐྱེན་འདས་ཕྱིན་པའི་བྱིས་པ་ཚོར་རྗེས་དྲན་ལས་འགུལ་ཞིག་སྤེལ་ཡོད་འདུག

ལས་འགུལ་གོ་སྒྲིག་ཚོགས་པ་ཨེ་ཝཱ་ཛི་(Avaaz)ཚོགས་གཞོན་ཨེ་མ་ར་བྷེ་(Emma Ruby-Sachs)ལགས་ཀྱིས།  ཕྱི་ལོ་ ༢༠༡༢ ལོར་ནས་མི་སྒེར་གྱིས་དྲག་སྤྱོད་སྤེལ་ཏེ་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད་པའི་ཁྲོད་བྱིས་པ་མང་པོ་ཞིག་འདས་གྲོངས་སུ་ཕྱིན་ཡོད་སྟབས།  ཐེངས་འདིའི་ལས་འགུལ་ནང་ང་ཚོས་ལྷམ་ ༧༠༠༠ བཤམས་སྟོན་བྱས་ཏེ། ལྷམ་རེ་རེ་ཡིས་མེ་མདའི་དྲག་སྤྱོད་འོག་འདས་གྲོངས་སུ་ཕྱིན་པའི་བྱིས་པ་རེ་རེ་མཚོན་གྱི་ཡོད་ལ། ང་ཚོས་ལས་འགུལ་འདི་བརྒྱུད་མི་གསོད་དྲག་སྤྱོད་མཚམས་འཇོག་བྱེད་དགོས་ཡོད་པ་དང་།  ད་ལྟ་ཨ་རིའི་སྤྱི་ཚོགས་ལ་འགྱུར་བ་ཐེབས་ཀྱིན་ཡོད་པ་བརྒྱུད་མི་མང་ཤོས་ཀྱིས་མེ་མདའ་གཏན་འགོག་བྱ་དགོས་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་སྟབས། སྤྱི་མཐུན་ཚོགས་པས་ད་ལྟ་ནས་མེ་མདའ་ཉོ་ཚོང་གི་ཁྲིམས་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད།  ཅེས་བརྗོད་འདུག

ཉེ་བའི་ལོ་འགའི་རིང་ཨ་རིའི་ནང་མེ་མདའི་དོན་རྐྱེན་ཇེ་མང་དུ་འགྲོ་ཡི་ཡོད་པར་བརྟེན། མེ་མདའ་ཉོ་ཆོག་མིན་ཐད་གླེང་སློང་ཤུགས་ཆེན་བྱུང་བཞིན་ཡོད་ཀྱང་།  མི་སྒེར་ནས་མེ་མདའ་ཉོས་ཏེ་ཉར་ཆོག་པ་ནི་ཨ་རིའི་རྩ་ཁྲིམས་ནང་ཡུན་རིང་གི་ཁྲིམས་སྲོལ་ཞིག་ཆགས་ཡོད་པ་དང་།  ཨ་རིའི་དམངས་གཙོ་ཚོགས་པས་མི་སྒེར་གྱི་མེ་མདའ་ཕྱིར་བསྡུ་བྱས་ཏེ་མེ་མདའ་ཉོ་ཚོང་གཏན་འགོག་དགོས་པའི་གྲོས་གཞི་བཏོན་ཡོད་ཀྱང་།  སྤྱི་མཐུན་ཚོགས་པས་མེ་མདའ་ཉོ་ཚོངང་གཏན་འགོག་མི་བྱེད་པར་ཉོ་མཁན་གྱི་སེམས་ཁམས་བདེ་ཐང་ཡིན་མིན་དང་ཁྲིམས་འགལ་བྱ་སྤྱོད་སྤེལ་ཡོད་མེད་ཀྱི་རྒྱབ་ལྗོངས་ལ་བརྟག་དཔྱད་ཀྱིས། རྒྱབ་ལྗོངས་གཙང་མ་ཡིན་མཁན་ཚོར་མུ་མཐུད་མེ་མདའ་ཚོང་ཆོག་གི་ཡོད་པའི་གྲོས་གཞི་བཏོན་ཡོད་སྟབས། གནད་དོན་དེའི་ཐད་ད་ལྟ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་བར་འགལ་ཟླ་བྱུང་ཡོད་པ་རེད།

ཞིབ་འཇུག་བྱས་པ་ལྟར་ན། ད་ལྟའི་བར་ཨ་རིའི་ནང་མེ་མདའི་དོན་རྐྱེན་འོག་མི་ཆེ་བ་ ༡༣༢༨༦ དང་། བྱིས་པ་ ༥༧༩༠ བཅས་ཁྱོན་བསྡོམས་མི་གྲངས་ ༢༦༨༡༩ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ད་ལྟའང་ལོ་རེར་བྱིས་པ་ ༡༢༩༧ མེ་མདའི་དོན་རྐྱེན་འོག་རྐྱེན་འདས་སུ་འགྲོ་ཡི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༡༤

Leave a Reply