སྐྱིད་ན་སྐྱིད་གཅིག་དང་སྡུག་ན་སྡུག་གཅིག་གི་བཀའ་སློབ་ནན་པོ་སེམས་ལ་ཟུངས།

དེ་རིང་ཕྱི་ཚེས་ ༡༤ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་ཀྱིས་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༨།༡༩ལོའི་སྔོན་རྩིས་སྐོར་ལ་བགྲོ་གླེང་གནང་བཞིན་འདུགདེ་རིང་སྔ་དྲོའི་ཆུ་ཚོད་༩།༣༠ཐོག་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་དབུ་འཛུགས་གནང་སོང་བ་དང་། ཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་རྣམ་གཉིས་ཀྱི་དབུས་སྤྱི་འཐུས་རྣམ་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། དེ་བཞིན་ཟུར་ཉན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། དོན་གཉེར་ཅན་གྱི་སྐྱ་སེར་ཟུར་ཉན་པ་ཁག་ཅིག་བཅས་ཕེབས་འདུག་ལ། ཐེངས་འདིའི་ཚོགས་དུས་ཐོག་ལས་ཉིན་དང་པོར་སྤྱི་འཐུས་གཉིས་ཀྱིས་དགོངས་པ་ཞུས་ཡོད་པ་མ་གཏོགས་ཚོགས་དུས་ཧྲིལ་པོར་དགོངས་པ་ཞུ་མཁན་བྱུང་མི་འདུག ལས་ཉིན་དང་པོའི་སྔ་དྲོར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་གསུམ་སྤྱི་མོས་གཏན་འབེབས་གནང་བ་དང་། དེ་བཞིན་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ ༧ ཅན་ཞིག་སྒྲོག་སྦྱངས་དང་འབྲེལ། སྤྱི་འཐུས་ཁག་ཅིག་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་བཙན་བྱོལ་ནང་གི་གནས་སྟངས་སོགས་ཀྱི་ཐོག་བགྲོ་གླེང་གནང་སོང་།

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། ང་ཚོ་སྲིད་དོན་གྱི་སྐྱབས་བཅོལ་བ་ཞིག་ཆགས་བསྡད་ཡོད་དུས། ང་ཚོས་ལས་འགན་སྒྲུབ་དགོས་པ་མང་པོ་ཞིག་ཡོད་པའི་ནང་ནས་གཙོ་ཆེ་བ་དེ་བོད་དོན་བདེན་མཐའ་གསལ་རྒྱུའི་ལས་འགན་དེ་ཆགས་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་ནང་དུ་མངོན་སུམ་གྱིས་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བསྡད་ཡོད་པ་དེ་གསལ་བོ་རེད། ཡིན་ན་ཡང་། འགྱུར་བ་འགྲོ་བཞིན་པ་དེ་ཁ་ཕྱོགས་གང་ཞིག་ལ་འགྲོ་ཡི་ཡོད་པ་དང་། ག་འདྲ་ཆགས་ཀྱི་ཡོད་མེད་བཤད་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་ན་ཡང་འགྱུར་བ་འགྲོ་བསྡད་པ་དེ་གསལ་བོ་རེད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་སྒང་ནས་བལྟས་པ་ཡིན་ན་སོ་སོའི་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང་ཆབ་སྲིད་ཀྱི་ཚོགས་པ་འདྲ་མིན་གྱི་གནས་སྟངས་ཐོག་ནས་བོད་དོན་ལ་འགྲེལ་བཤད་རྒྱག་སྟངས་དང་སྲིད་ཇུས་འཛིན་སྟངས་མི་འདྲ་བ་ཡོང་གི་ཡོད་ཀྱང་། བོད་དོན་གྱི་ཐོག་ལ་ཕྱོགས་ཚང་མ་ནས་ནུས་པ་མཉམ་སྤུངས་ཀྱིས་རྒྱབ་སྐྱོར་ཡོང་བའི་གནས་ཚད་ཅིག་ཏུ་སླེབས་ཡོད་སྐོར་གསུངས་སོང་།

རྒྱ་ནག་གི་སྲིད་འཛིན་རིམ་པ་མང་པོས་གཙོ་བོ་བོད་དོན་ཐོག་ལ་ཐུགས་སྣང་གནང་རྒྱུ་དང་ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་གནང་རྒྱུའི་ཐབས་ཤེས་མང་པོ་བྱས་ཡོད་པ་རེད། ཡིན་ན་ཡང་། དེ་གཞིར་བཟུང་གིས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལྟར། གཉིས་ཕན་དབུ་མའི་ལམ་ནས་འབྲེལ་བ་དོན་དང་ལྡན་པ་ཞིག་དང་། དངོས་ནས་ཕྱོགས་གཉིས་ལ་ཐུགས་ཕན་གསོ་ཐུབ་པའི་ཆེད་དུ་ཡིག་ཐོག་དང་ངག་ཐོག་གཉིས་ནས་རྒྱ་ནག་གཞུང་ལ་གོ་བརྡ་གསལ་བོ་སྤྲད་ཐུབ་ཡོད་པ་རེད། འོན་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་ད་བར་དུ་ཡ་ལན་ཚུལ་མཐུན་ཞིག་གནང་མེད་པ་དང་གོམས་པ་མདུན་སྤོས་ཤིག་གནང་ཐུབ་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་མཚོན་པའི་རྒྱལ་སྤྱིའི་ཚོགས་ནང་རྒྱ་ནག་གཞུང་དེ་གནས་ཚད་མཐོན་པོ་ཞིག་ཏུ་སླེབས་ཡོད་ན་ཡང་། རྒྱ་ནག་ནང་ལོགས་དང་དེ་བཞིན་བོད་ཐེ་བའི་གྲངས་ཉུང་མི་རིགས་ཁག་གི་གནས་སྟངས་ངོས་ནས་བལྟས་པ་ཡིན་ན། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་གསར་འགོད་རང་དབང་གི་གནས་སྟངས། བོད་ཐེ་བའི་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་གི་རང་དབང་དང་ཆོས་དད་རང་དབང་གི་ཐོབ་ཐང་སོགས་ཉིན་རེ་བཞིན་སྡུག་ཏུ་འགྲོ་ཡི་ཡོད་པ་གསལ་བོ་རེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཡིན་ནའང་དེ་དག་གི་ཐད་ལ་སྐྱོན་བརྗོད་གནང་གི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་ལ་ཁོང་གིས། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པའི་རྗེས་སུ་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་སྲིད་ཇུས་དོན་དངོས་དང་མི་མཐུན་པ། བོད་མི་རྣམས་ཀྱི་མངོན་འདོད་དང་མི་མཐུན་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་རིམ་པ་བཞིན་བྱས་ཡོད་པ་རེད། ལྷག་པར་དུ་ཕྱི་ལོ་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོ་དང་། དེ་བཞིན་ཕྱི་ལོ་ ༢༠༠༩ ལོ་ནས་ ༢༠༡༨ བར་དུ་བོད་མི་རང་ལུས་མེར་སྲེག་གནང་མཁན་ ༡༥༢ བྱུང་ཡོད་པ་རེད་ལ། གཙོ་བོ་ཁོང་རྣམས་ཀྱི་མངོན་འདོད་དེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་པ་རེད། ཡིན་ན་ཡང་། རྒྱ་ནག་གཞུང་གི་ཐོག་ནས་དེ་དག་ལ་བརྡ་སྤྲོད་གང་ཡང་གནང་མེད་པ་མ་ཟད། དེ་དག་གི་གནས་ཚུལ་འགྲེལ་བཤད་ལོག་པར་རྒྱག་པ་དང་འགེབ་སྲུང་བྱེད་ཐབས་ཀྱི་དྲིལ་བསྒྲགས་དེ་འདྲ་བྱས་བསྡད་ཡོད་པ་རེད། རྒྱ་ནག་གཞུང་ལ་མཚོན་ན། བོད་ཀྱི་གནད་དོན་དེ་ཡལ་བར་དོར་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལ་གཟེངས་སུ་ཐོན་པ་ཞིག་ཡོང་ཐུབ་མི་ཐུབ་ཟེར་བ་དེ་དྲི་བ་ཞིག་ཆགས་བསྡད་ཡོད་པ་རེད་ལ། དེ་ཡོང་མི་ཐུབ་པ་ཡང་གསལ་བོ་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་རྒྱ་ནག་གཞུང་གི་ཐོག་ནས་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་ནང་གི་བོད་མི་ཚོས་མངོན་འདོད་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་བོད་དོན་ལ་རྒྱ་སྐྱོར་གྱི་གནས་བབ་ཐོག་ནས་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་པའི་ངང་ནས་བོད་རྒྱ་འབྲེལ་མོལ་དེ་གང་མགྱོགས་བསྐྱར་མཐུད་ཡོང་ཐུབ་པའི་འབོད་སྐུལ་ཞུ་འདོད་བྱུང་། ཞེས་གསུངས་སོང་།

ང་ཚོའི་མི་རབས་འདིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་མཇུག་སྐྱོང་ཚད་ལྡན་ཞིག་ཞུ་མ་ཐུབ་ཡིན་ན་མ་འོངས་པར་མི་རབས་རྗེས་མ་རྣམས་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་ཆགས་མི་སྲིད་པ་མིན་སྐོར་ཁོང་གིས། ང་ཚོ་བོད་གཞིས་བྱེས་གཉིས་སུ་གྱེས་ཏེ་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ངོ་༦༠ཟིན་འགྲོ་ཡི་ཡོད་པ་རེད། གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་ཁོང་གིས་བོད་མིར་ཐུགས་བརྩེ་བས་བསྐྱངས་བ་བཅས་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས། ལྷག་པར་དུ་བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ནས་དོ་སྣང་སླེབས་བསྡད་པ་དང་རྒྱབ་སྐྱོར་ཐོབ་པ་དེ་ཁོང་ཉིད་ཀྱི་བཀའ་དྲིན་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་ང་ཚོ་བོད་མི་རྣམས་ཡིན་ན་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་ཐུགས་རེ་གནང་བ་དེ་དག་བོད་པ་ཚང་མས་སེམས་ནང་ལ་ཉར་ཏེ། ཁོང་གི་བཀའ་དྲིན་དྲན་པའི་ཐོག་ནས་དྲིན་ལན་ལོག་མཇལ་གྱི་རྒྱུ་རུ་མི་འགྲོ་བ་དང་། ཁོང་ཉིད་ཀྱི་ཐུགས་དགྱེས་པའི་ཕྱིར་དུ་ལས་དོན་སྒྲུབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག མི་རབས་འདིའི་ཐོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གང་ཡིན་པ་དེ་མཇུག་སྐྱོང་ཚད་ལྡན་ཞིག་བྱེད་མ་ཐུབ་པ་ཡིན་ན། རྗེས་མའི་དུས་ཚོད་ཅིག་ལ་ལོ་རྒྱུས་ལ་ནག་ཐིག་ཕབ་པ་ཡིན་ན་མི་རབས་རྗེས་མ་ཚོ་སེམས་པ་སྐྱོ་དགོས་པ་དང་འཕངས་སེམས་དགོས་པའི་གནས་ཚུལ་ཞིག་ཆགས་མི་སྲིད་པ་མ་རེད། དེ་ཡིན་དུས་ད་ལྟའི་དུས་ཚོད་ཀྱི་མི་རབས་འདིའི་ཐོག་ནས་དངོས་ནས་སེམས་ལ་ཉར་དགོས་པ་གལ་ཆེན་པོ་ཆགས་ཀྱི་འདུག དེ་བཞིན་ཉེ་ཆར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཕྱོགས་དང་ལྷག་པར་དུ་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་ཟེར་བ་དེ་སྐྱིད་སྡུག་ལེགས་ཉེས་ཅི་ཞིག་བྱུང་ན་ཡང་། སྐྱིད་ན་སྐྱིད་གཅིག་དང་སྡུག་ན་སྡུག་གཅིག་དགོས་པའི་བཀའ་སློབ་ནན་པོ་ཕེབས་ཡོད་པ་རེད། དེ་དག་གྲོས་ཚོགས་ཀྱི་ཚོགས་མི་རྣམས་དང་འཛིན་སྐྱོང་བཀའ་ཤག མང་ཚོགས་ཚང་མའི་སེམས་ལ་ངེས་དགོས་པ་ཧ་ཅང་གལ་ཆེན་རེད་ལ། ང་ཚོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཕེབས་པ་ནང་བཞིན་ཡོང་ཐུབ་པ་ཡིན་ན་བོད་སྤྱི་བའི་བསོད་ནམས་གོང་མཐོར་འགྲོ་བ་དང་བོད་མིའི་གཅིག་སྒྲིལ་གྱི་ནུས་པ་ཡོང་ཐུབ་པ། བོད་ཀྱི་ཆོས་དང་རིག་གཞུང་གི་རིན་ཐང་ཆེ་རུ་འགྲོ་བ་དང་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ཐོག་ལ་དམིགས་བསལ་ནུས་པ་ཐོན་ཐུབ་པའི་རེ་བ་ཆེན་པོ་འདུག ཅེས་གསུངས་སོང་།

མཇུག་ཏུ་སྤྱི་འཐུས་གྲོས་ཚོགས་སུ་སྤྱི་འཐུས་རྣམ་པས་བཀའ་མོལ་དང་བགྲོ་གླེང་གནང་ཕྱོགས་ཐད་ཁོང་གིས། དེ་རིང་ང་ཚོ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ལྔ་པའི་སྟེང་ལ་ལས་རིམ་ཁག་ཅིག་ཡོད་པ་རེད་ལ། དེ་མ་ཡིན་པའི་སྤྱི་འཐུས་སྒེར་གྱི་ལས་རིམ་ཁག་རེད། ལས་རིམ་ཅི་འདྲ་ཞིག་བསླེབ་པ་ཡིན་ནའང་བསམ་ཚུལ་མ་མཐུན་པ་ཡོང་སྲིད་པ་རེད། ན་ན་ཡང་། གནད་དོན་ཐོག་ལ་བགྲོ་གླེང་ཡག་པོ་ཡོང་ཐུབ་པ་དང་། ཞིབ་ཚགས་པོའི་གྲོས་བསྡུར་ཡོང་ཐུབ་པ། བོད་སྤྱི་པ་རང་ལ་ཕན་ཐོགས་ཐུབ་པའི་དམིགས་ཚད་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་སྤྱི་ཚོགས་ནང་གི་གནད་དོན་མང་པོ་ཞིག་གི་ཐོག་གྲོས་ཚོགས་ནང་གླེང་སློང་ཅི་འདྲ་ཞིག་བྱས་པ་ཡིན་ན་ཡང་། ཕན་ཚུན་ཟུར་ཟ་ལྟ་བུ་དང་སྡིགས་ར་ཁྱད་གསོད་མཐོང་ཆུང་ལྟ་བུ་མ་ཡིན་པར། གནད་དོན་དེ་ཁ་གསལ་བོ་དང་ཁུངས་འཕེལ་ར་སྤྲོད་བྱེད་ཐུབ་པ། ཕྱོགས་ཚང་མའི་གནད་དོན་རྟོགས་ཐུབ་པ། དྲང་པོ་དང་རང་བཞིན་གྱིས་བཟང་སྤྱོད་དང་ལྡན་པའི་ཐོག་ནས་གླེང་སློང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་ལ། མདོར་ན་ང་ཚོ་བོད་ཀྱི་འཐབ་རྩོད་དང་བོད་མིའི་སྤྱི་ཚོགས་ནང་ཆེ་མཐོང་ལ་ཞན་ཆ་མི་འགྲོ་བ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ཡིད་ཆེས་འཕེལ་བའི་ཚབ་ཏུ་ཡིད་ཐང་མི་ཆད་པའི་རྒྱུ་རུ་མི་འགྲོ་བ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༡༦

Leave a Reply

3 thoughts on “སྐྱིད་ན་སྐྱིད་གཅིག་དང་སྡུག་ན་སྡུག་གཅིག་གི་བཀའ་སློབ་ནན་པོ་སེམས་ལ་ཟུངས།

  1. གཞུང་པ་ཚེ་དབང་བསོད་ནམས་།

    ཚོགས་གཙོའི་ངོ་སྤྲོད་གཏམ་བཤད་ལ་སླར་ཐེང་གཅིག་བལྟ་ཀློག་བྱས་པས་ཧ་ཅང་ཡག་པོ་གསུང་འདུག་བཀྲིན་ཆེ་ཐུགས་རྗེ་ཆེ་།

  2. གཞུང་པ་ཚེ་དབང་བསོད་ནམས་།

    གྲོས་ཚོགས་ལས་རིམ་ལ་རྒྱང་བལྟ་བྱས་ནས་བསྡད་ཡོད་བཅའ་སྒྲིག་དང་བཟང་སྤྱོད་ལ་འགན་འཁུར་ནས་གྲོས་ཚོགས་རྒྱལ་ཁའི་ངང་གྲོལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཐུགས་རྗེ་ཆེ་བཀྲིན་ཆེ་།