ཨ་རིའི་ཕྱི་སྲིད་དྲུང་ཆེ་གནས་དབྱུང་བཏང་།

ཨ་རིའི་སྲིད་འཛིན་ཊོམ་ཕུས་ཕྱི་སྲིད་དྲུང་ཆེ་རེག་སི་ཊི་ལར་སོན་དང་ནང་སྲིད་དྲུང་ཆེ་སི་ཊི་ཝི་གྷོལ་ཌི་སི་ཊིན་གཉིས་གནས་དབྱུང་བཏང་ཡོད་འདུག
ཁ་སང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕིས་ཕྱི་སྲིད་དྲུང་ཆེ་རེག་སི་ཊི་ལར་སོན་ལགས་གནས་དབྱུང་བཏང་སྟེ། ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་མེག་པོམ་ཕེའོ་ལགས་ཕྱི་སྲིད་དྲུང་ཆེར་བསྐོས་པ་དང་། གསང་བའི་ལས་ཁུངས་ཀྱི་འགན་འཛིན་དུ་ལྕམ་གྷི་ན་ཧ་སི་པལ་ལགས་བསྐོ་བཞག་བྱས། ཊོམ་ཕིས་ཕྱི་སྲིད་དྲུང་ཆེ་ཕྱིར་འཕུད་གཏོང་དགོས་པའི་རྒྱུ་མཚན་ནི་ཁོ་གཉིས་བར་འགལ་ཟླ་ཅན་གྱི་ལངས་ཕྱོགས་མང་པོ་བྱུང་གི་ཡོད་སྐོར་བརྗོད་འདུག

ཊོམ་ཕུས་ཕྱི་སྲིད་དྲུང་ཆེ་གནས་དབྱུང་བཏང་བའི་གནས་ཚུལ་བསྒྲགས་ཏེ་ཆུ་ཚོད་ ༣ འགོར་རྗེས། སྐུ་ཞབས་རེག་སི་ཊི་ལར་སོན་ལགས་ཀྱིས། ང་ཚོས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་ཇེ་ལེགས་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཆོན་ཆ་རྩ་མེད་བཟོ་རྒྱུ་བཅས་ཀྱི་ཐད་ལས་དོན་ལེགས་འགྲུབ་བྱུང་ཡོད་ཀྱང་། ཨུ་རུ་སུ་གཞུང་གིས་ལས་དོན་སྒྲུབ་སྐབས་སོ་སོའི་མི་མང་གི་མངོན་འདོད་གཙོར་འཛིན་དང་། དམིགས་བསལ་རྒྱལ་སྤྱིའི་གནས་བབ་ཐོག་ལས་དོན་སྒྲུབ་སྐབས་གཟབ་གཟབ་མ་བྱས་ཚེ། ད་ལྟའི་སུ་གང་གི་མངོན་འདོད་ལ་གལ་གནད་བརྩི་ཡི་མེད་པའི་ཆབ་སྲིད་འཛིན་སྐྱོང་མུ་མཐུད་ཕྱིན་པ་ཡིན་ན་དེས་ཁོ་ཚོ་རྦད་དེ་ཁེར་རྐྱང་དུ་འཕུད་སྲིད་པས། ཨ་རིའི་གཞུང་ནས་དཀའ་རྙོག་ཆེ་བའི་ཨུ་རུ་སུའི་ལས་དོན་ཁག་གི་ཐད་ད་དུང་ལས་དོན་མང་པོ་ཞིག་སྒྲུབ་རྒྱུ་ལྷག་ཡོད། ཅེས་བརྗོད་ཡོད་པ་རེད་འདུག

ཨ་རིའི་ཕོ་བྲང་དཀར་པོས་ཕྱི་སྲིད་དྲུང་ཆེ་རེག་སི་ཊི་ལར་སོན་ལགས་གནས་དབྱུང་བཏང་བ་ཡོངས་བསྒྲགས་མ་བྱས་སྔོན་ལ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་ཇོན་ཀེལ་ལགས་ཀྱིས་རེག་སི་ཊི་ལར་སོན་ལགས་སུ་གནས་དབྱུང་བཏང་བའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་སྐོར་བརྗོད་ཡོད་ཀྱང་། ནང་སྲིད་དྲུང་ཆེ་སི་ཊི་ཝི་གྷོལ་ཌི་སི་ཊིན་ལགས་ཀྱིས། གནས་དབྱུང་བཏང་བའི་གནས་ཚུལ་དེ་སྲིད་འཛིན་ཊོམ་ཕིས་ཁོ་རང་གི་སྤྱི་ཚོགས་དྲ་གནས་ཊི་ཝེ་ཊིར་ནང་ཡོངས་བསྒྲགས་བྱས་རྗེས་མ་གཏོགས་རེག་སི་ཊི་ལར་སོན་ལགས་ཀྱིས་ཤེས་རྟོགས་བྱུང་མེད་སྐོར་བརྗོད་ཡོད་སྟབས། ཐེངས་འདིར་ཕྱི་སྲིད་དྲུང་ཆེ་རེག་སི་ཊི་ལར་སོན་ལགས་དང་ལྷན་དུ་ནང་སྲིད་དྲུང་ཆེ་སི་ཊི་ཝི་གྷོལ་ཌི་སི་ཊིན་ལགས་ཀྱང་གནས་དབྱུང་བཏང་ཡོད་འདུག

ཕྱི་སྲིད་དྲུང་ཆེ་རེག་སི་ཊི་ལར་སོན་ལགས་ཀྱིས་འདས་པའི་ལོ་ ༡ ལྷག་གི་རིང་ཨ་རིའི་ཕྱི་སྲིད་སྤྱིའི་ལས་དོན་ཁག་གི་མི་སྣ་གཙོ་བོ་ཞིག་ཆགས་ཡོད་སྟབས། ཁོང་གནས་དབྱུང་བཏང་བ་དེས་བྱང་ཀོ་རི་ཡ་གཙོ་བོར་གྱུར་བའི་རྒྱལ་ཁབ་ཁག་མང་པོ་ཞིག་གི་སྲིད་ཇུས་ལངས་ཕྱོགས་ལ་འགྱུར་བ་ཐེབས་སྲིད་པ་དང་། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཊ་རོ་གོ་ནོ་ལགས་ཀྱིས། རེག་སི་ཊི་ལར་སོན་ལགས་ནི་ང་རང་གི་ཡིད་ཆེས་བྱ་ཆོག་པ་དང་སྐད་ཆ་ཐད་ཀར་བཤད་ཆོག་པའི་མི་ཞིག་ཡིན་ཡང་ད་ལྟ་ལས་གནས་ནས་གནས་དབྱུང་བཏང་བར་འགྱོད་པ་སྐྱེས་བྱུང་། ཞེས་བརྗོད་ཡོད་པ་དང་། ཧྥི་ལི་པེན་དང་ཨོ་སི་ཊོ་ལི་ཡ། དབྱིན་ལན་སོགས་ཀྱི་སྲིད་བློན་རྣམ་པས་རེག་སི་ཊི་ལར་སོན་ལགས་ཀྱི་ཕྱག་ལས་ལ་བསྔགས་བརྗོད་གནང་ཡོད་པ་དང་། ཨུ་རུ་སུ་དང་འཇར་མན། ཨེ་རག་སོགས་ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པའི་སྐབས་སུ་འབྲེལ་ལམ་བཟང་ཕྱོགས་སུ་འགྲོ་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་འདུག

ཊོམ་ཕུས་སྲིད་དབང་བཟུང་སྟེ་ལོ་གཅིག་ལྷག་འགྲོ་བཞིན་ཡོད་པ་དང་། དུས་ཡུན་དེའི་རིང་ཁོང་གིས་ཕོ་བྲང་དཀར་པོའི་མཐོ་རིམ་ལས་བྱེད་ ༡༩ གནས་དབྱུང་བཏང་ཡོད་པ་དང་། རེག་སི་ཊི་ལར་སོན་ལགས་ནི་དེའི་ཁྲོད་ཀྱི་སྲིད་སྟེགས་མཐོ་ཤོས་གཉིས་པ་དེ་ཆགས་ཡོད་འདུག་ལ། ཉེ་སྔོན་ཕྱི་ཚེས་ ༦ ཉིན་ཊོམ་ཕུས་ཕོ་བྲང་དཀར་པོའི་དཔལ་འབྱོར་ལམ་སྟོན་པ་སྐུ་ཞབས་གྷ་རེ་ཁོ་ཧན་ལགས་གནས་དབྱུང་བཏང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༡༥

Leave a Reply

One thought on “ཨ་རིའི་ཕྱི་སྲིད་དྲུང་ཆེ་གནས་དབྱུང་བཏང་།

  1. གཞུང་པ་ཚེ་དབང་བསོད་ནམས་།

    ཨ་རིའི་སྲིད་འཛིན་གྱི་ཕྱི་སྲིད་དྲུང་ཆེ་དང་ནང་སྲིད་དྲུང་ཆེ་གཉིས་གནས་དབྱུངས་བཏང་རྒྱ་ནག་གི་སྲིད་འཛིན་ལས་ཡུན་ལ་བསྐྱར་བཅོས་བཏང་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཨ་རི་དོན་གཅོད་གནས་དབྱུངས་བཏང་ད་འཛམ་གླིང་འདི་གྲལ་རིམ་དམངས་གཙོ་གཅིག་བསྡུད་ལ་ཁ་ཕྱོགས་འདོད་མ་རེད་དམ་།