ཕོ་མཚན་ནག་འཚོང་བ་འཛིན་བཟུང་བྱས།

རྒྱ་མི་ཞིག་གིས་ཨ་ཧྥི་རི་ཁའི་རྩ་ཆེའི་སེམས་ཅན་མང་པོའི་ཕོ་མཚན་ ༥༡༠ འཁུར་ཏེ་རྒྱ་ནག་ལ་འཕུར་རྩིས་བྱེད་སྐབས་འཛིན་བཟུང་བྱས་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁེན་ཡྰན་(Kenyan)རྒྱལ་སྤྱིའི་གནམ་ཐང་(Jomo Kenyatta)དུ། རྒྱ་ནག་ཧྲང་ཧེ་ལ་འཕུར་རྩིས་ཡོད་པའི་རྒྱ་རིགས་མེན་ཀྲང་ཝེ་(Ming Zhang Wei)ཟེར་བའི་སྐྱེས་པ་ཞིག་གིས། འདྲུད་སྒམ་གཉིས་ཀྱི་ནང་དུ་ཨ་ཧྥི་རི་ཁའི་རྩ་ཆེའི་རི་དྭགས་སེམས་ཅན་མང་པོའི་ཕོ་མཚན་ ༥༡༠ འཁུར་ཡོད་པ་ཤེས་རྟོགས་བྱུང་སྟེ་གནམ་ཐང་གི་འགྲུལ་མི་ལྟ་སྲུང་མི་སྣས་འཛིན་བཟུང་བྱས་ཡོད་འདུག

ཁོའི་འདྲུད་སྒམ་གཉིས་ཀྱི་ནང་སེམས་ཅན་འདྲ་མིན་གྱི་ཕོ་མཚན་འཁུར་ཡོད་པའི་ནང་དུ། རྐྱང་ཁྲའི་ཕོ་མཚན་༣༠༩ དང་། སྤྲའི་ཕོ་མཚན་༤༦། མ་ཧེའི་ཕོ་མཚན་ ༣༡། ཤྭ་ཁྲ་སྐེ་རིང་གི་ཕོ་མཚན་ ༢༧། ཨ་ཧྥི་རི་ཁའི་འདམ་སེང་གི་ཕོ་མཚན་ ༡༤། ཨ་ཧྥི་རི་ཁའི་ཁྲུང་ཁྲུང་དམར་མོའི་ཕོ་མཚན་ ༢༡ བཅས་ཡོད་པ་དང་། ཕོ་མཚན་ཁ་ཤས་སེམས་ཅན་གང་ཞིག་གི་ཡིན་མིན་ཤེས་ཀྱི་མེད་པ་རེད། རྒྱ་ནག་ནང་རྐྱང་ཁྲའི་ཕོ་མཚན་སྐམ་ནས་ཞིབ་ཞིབ་བཟོས་རྗེས། སྨན་ལྟ་བུ་བྱས་ཏེ་འཐུང་ན་སྐྱེས་པའི་ཕོ་མཚན་སྟོབས་སྐྱེད་ཅིང་ངར་ཤུགས་ལྡན་པ་ཆགས་ཀྱི་ཡོད་སྐོར་བརྗོད་དེ་བེད་སྤྱོད་གཏོང་གི་ཡོད་འདུག

ཁེན་ཡཱན་ཉེན་རྟོག་དཔོན་མྰེ་ཐོ་ཨ་ཊིར(Mathew Iteere)གྱིས་བརྗོད་པ་ལྟར་ན། ནག་ཚོང་བ་དེ་དེ་རིང་ཞོགས་པར་འཛིན་བཟུང་བྱས་ཡོད་པ་དང་། ཉིན་ཁ་ཤས་རིང་ཁོ་བཀག་ཉར་འདྲི་རྩད་བྱ་དགོས་བྱུང་གི་རེད་ལ། ང་ཚོས་ཨ་ཧྥི་རི་ཁའི་ཡུལ་མི་མང་པོས་རྒྱ་ནག་གི་ཁྲིམས་འགལ་གྱི་ཁྲོམས་ར་དང་འབྲེལ་བ་བྱས་ཏེ། ཨ་ཧྥི་རི་ཁའི་རྩ་ཆེའི་རི་སྐྱེས་སེམས་ཅན་མང་པོའི་གཟུགས་པོའི་ཆ་ཤས་བཙོང་གི་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ། གནད་དོན་འདིར་རྐྱེན་བྱས་ཏེ་ང་ཚོས་ནག་འཚོང་གི་འབྲེལ་ལམ་རྩད་ཆོད་ཐུབ་པའི་རེ་བ་ཡོད། ཅེས་བརྗོད་འདུག

ཡང་ཁོས། འདས་པའི་ལོ་ཤས་རིང་ནག་འཚོང་མཁན་མང་པོས་ཁྱོན་ཨ་ཧྥི་རི་ཁའི་སེམས་ཅན་ ༥༠༠༠༠ ལྷག་གི་ཚེ་སྲོག་བཅད་དེ་གཟུགས་པོའི་ཆ་ཤས་རྩ་ཆེན་ཁག་ཅིག་གཙོས་མཐའ་ན་ནང་ཁྲོལ་ཡན་ཆད་ཀྱིས་ནག་འཚོང་རྒྱག་གི་ཡོད་པ་རེད་ལ། ང་ཚོས་རྩད་ཞིབ་བྱས་པ་ལྟར་ན། འདས་པའི་ལོ་གཉིས་ནང་རྒྱ་ནག་གི་ནག་འཚོང་པ་ཚོས་གྲངས་ཚད་འདི་ལྟ་བུའི་རི་སྐྱེས་སེམས་ཅན་གྱི་གཟུགས་པོའི་ཆ་ཤས་ཚོང་འདྲེན་བྱས་པ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་དང་། འདི་ལས་རི་སྐྱེས་སེམས་ཅན་སྟོང་ཕྲག་མང་པོའི་ཚེ་སྲོག་བཅད་ཡོད་པ་གསལ་འདུག ཅེས་བརྗོད་འདུག

འཛམ་གླིང་གི་རྩ་ཆེའི་སེམས་ཅན་མང་པོའི་གཟུགས་པོའི་ཆ་ཤས་ཚོང་འདྲེན་བྱེད་ས་གཙོ་བོ་ཞིག་རྒྱ་ནག་ཆགས་ཡོད་པ་དང་། དེ་སྔོན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་ཧྥི་རི་ཁར་གཞུང་འབྲེལ་སྐོར་སྐྱོད་དུ་ཕྱིན་ཏེ་ཕྱིར་ལོག་སྐབས། ཁོའི་གནམ་གྲུའི་ནང་དུ་ཨ་ཧྥི་རི་ཁའི་གླང་ཆེན་གྱི་མཆེ་བ་མང་པོ་དབོར་འདྲེན་བྱས་ཡོད་པའི་གནས་ཚུལ་བརྒྱུད་ལམ་དུ་ཐོན་ཡོད་པ་རེད། རྒྱ་ནག་ནང་སེམས་ཅན་གྱི་གཟུགས་པོའི་ཆ་ཤས་དང་ལྷག་པར་དུ་ནང་སྣོད་རིགས་གོང་ཆེན་པོ་བྱས་ནས་ཁ་ཟས་སུ་བཙོང་གི་ཡོད་པ་དང་། སེམས་ཅན་གྱི་པགས་རིགས་སོགས་རྒྱན་གོས་སུ་སྤྱོད་ཀྱི་ཡོད་འདུག

འཛམ་གླིང་ཡོངས་ཀྱི་ནང་ལོ་རེ་བཞིན་རྩ་ཆེའི་རི་སྐྱེས་སེམས་ཅན་མང་པོ་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། སེམས་ཅན་རིགས་མང་པོ་ཞིག་རྩ་སྟོང་དུ་འགྲོ་བཞིན་ཡོད་པ་ལྟར། འཛམ་གླིང་གི་རྩ་ཆེའི་རི་སྐྱེས་སེམས་ཅན་ཉམས་ཞིབ་པ་ཚོས། མ་འོངས་ལོ་བཅུའི་ནང་འཛམ་གླིང་ཡོངས་སུ་རི་སྐྱེས་སེམས་ཅན་རྔོན་མཁན་སྔར་ལས་མང་དུ་འགྲོ་རྒྱུ་དང་། ལྷག་པར་དུ་ཨ་ཧྥི་རི་ཁའི་ནང་དུ་མང་རུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༡༦

Leave a Reply