བྱིས་པའི་འཚར་ལོངས་དང་སྤྱི་ཚོགས་སེམས་སྦྱོང་གི་སློབ་གསོ།

“སེམས་དང་ཚེ་སྲོག”ཚོགས་ཐེངས་སོ་གསུམ་པའི་ཉིན་དང་པོ།

ཏིན་ཡི་ཧྥུ་དང་ལི་ཅང་ལིན་གྱིས་བརྩམས།
ལོ་མ་རྒྱལ་གྱིས་རྒྱ་ཡིག་ནས་བསྒྱུར།

ལོ་མང་གི་རིང་ལ་ཏཱ་ལའི་བླ་མ་མཆོག་དང་། ཚན་རིག་པ་གཉིས་བགྲོ་གླེང་གནང་སའི་བརྟན་འཇགས་ཀྱི་གླེང་སྟེགས་ཤིག་ཡོད་པ་ནི། སེམས་དང་ཚེ་སྲོག་གི་བགྲོ་གླེང་ཚོགས་འདུ་དེ་ཡིན། ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། སེམས་དང་ཚེ་སྲོག་ཚོགས་ཐེངས་སོ་གསུམ་པ་དེ་ངྷ་རམ་ས་ལ་ནས་འཚོགས་འགོ་བརྩམས་ཤིང་། ཁྱོན་ཉིན་གྲངས་ལྔའི་རིང་དུ་འཚོགས་རྒྱུ་རེད། ངེད་གཉིས་ཀྱིས་དེའི་གནས་ཚུལ་གོ་བ་དང་། ཨ་རི་ནས་ངྷ་རམ་ས་ལར་ཡོང་སྟེ། ཐེངས་འདིའི་ཏཱ་ལའི་བླ་མ་མཆོག་དང་ཚན་རིག་པའི་བར་གྱི་བགྲོ་གླེང་ལ་ཞུགས་པ་ཡིན།

ཨ་རིའི་ཤར་བྱང་ལ་ཁ་བ་ཆེན་པོ་ཞིག་བབས་ཏེ་ཅང་འགོར་མེད། ཡིན་ནའང་། ཟླ་གསུམ་པའི་རི་བོ་ཧི་མ་ལ་ཡའི་བྱང་རྒྱུད་འདི་ནི་ཉི་འོད་ལམ་ལམ་འཚེར་ཞིང་། གནམ་གཤིས་དྲོ་ཞིང་འཇམ་པས་ཁམས་དང་འཕྲོད་པ་ཞིག་རེད། ཨ་རི་དང་ཡུ་རོབ། འཛམ་གླིང་གང་ས་ནས་ཕེབས་པའི་ཚན་རིག་པ་དང་། སློབ་གསོ་དང་སེམས་ཁམས་འཕྲོད་བསྟེན་གྱི་ཆེད་མཁས་པ། ད་དུང་། ཆེད་མངགས་གདན་དྲངས་པའི་སྐུ་མགྲོན་དང་། གཞན་ཡང་ཟུར་ཉན་པ་བཅས། མི་སྣ་མང་པོ་ཞིག་ངྷ་རམ་ས་ལར་ཕེབས་ཏེ། རི་ངོགས་ཀྱི་གྲོང་སྡེ་ཆུང་ཆུང་འདི་ལ་དུས་ཆེན་ལྟ་བུའི་རྣམ་པ་ཞིག་བསྩལ་འདུག སྔོན་ཆད། ཏཱ་ལའི་བླ་མ་མཆོག་དང་ཚན་རིག་པའི་བགྲོ་གླེང་དེ། གལ་ཏེ། ངྷ་རམ་ས་ལ་ནས་འཚོགས་པ་ཡིན་ན། ཏཱ་ལའི་བླ་མ་མཆོག་དང་ཚན་རིག་པ་གྲོགས་པོ་ཁ་ཤས་སྒེར་ངོས་ནས་འཚོགས་ཀྱིན་ཡོད་སྟབས། ནམ་རྒྱུན་རྒྱལ་བའི་ཕོ་བྲང་དུ་འཚོགས་ཀྱི་ཡོད། འོན་ཀྱང་། ཉིས་སྟོང་བཅུ་གསུམ་ནས་བཟུང་སྟེ། བགྲོ་གླེང་འདི་མང་ཚོགས་དང་ལྷན་དུ་གནང་གི་ཡོད། དེ་ཡང་། མཚམས་རེར་ཨ་རི་དང་ཡུ་རོབ་ནས་འཚོགས་ཀྱི་ཡོད་ལ། ཡང་ན། རྒྱ་གར་དུ་ཡོད་པའི་བོད་ཀྱི་དགོན་པ་ཁག་ནས་འཚོགས་ཀྱི་ཡོད། ཐེངས་འདིའི་བགྲོ་གླེང་ཕོ་བྲང་ཕྱི་ན་ཡོད་པའི་གཙུག་ལག་ཁང་ནས་ཚོགས་ཤིང་། འདི་ནི་ལོ་རྒྱུས་ཀྱི་སྟེང་ནས་ཐོག་མ་དེ་ཡིན།

གཙུག་ལག་ཁང་གི་འདུ་ཁང་གི་དབུས་ན་གསེར་མདོག་གི་སྟོན་པའི་སྐུ་ཞིག་འདུག་ཅིང་། ཏཱ་ལའི་བླ་མ་མཆོག་དང་ཚན་རིག་པའི་བགྲོ་གླེང་གནང་སའི་རྣམ་པ་ནི་སྔོན་ཆད་དང་འདྲ་བར། གསུང་བཤད་པ་དང་མི་སྣ་གཙོ་བོ་རྣམས་མདུན་ལྕོག་དམའ་མོ་ཞིག་གི་མཐའ་བཞི་ན་བཞུགས་ཤིང་། ཟུར་ཉན་པ་རྣམས་ནི་ཁོ་ཚོའི་མཐའ་བསྐོར་ནས་བསྡད་འདུག འདུ་ཁུང་དུ་མི་སུམ་བརྒྱ་ལྷག་ཤོངས་པའི་ཞབས་བཀྱག་བསྒྲིགས་འདུག་ཅིང་། འདུ་ཁུང་གི་ཕྱི་རོལ་དུའང་ཞབས་བཀྱག་བཞག་འདུག་པས། བརྙན་རས་ཀྱི་ཐོག་ནས་བགྲོ་གླེང་དེར་ཐད་ཀར་ལྟ་ཐུབ་ཀྱི་འདུག བགྲོ་གླེང་དུ་སྤྱོད་པའི་སྐད་ཆ་ནི། སྔོན་ཆད་དང་འདྲ་བར། དབྱིན་སྐད་རེད། བོད་སྐད་དུའང་སྐད་སྒྱུར་ཏེ་ཐད་སྲིང་བརྙན་འཕྲིན་བརྒྱུད་ནས་ལྟ་ཐུབ་ཅིང་། ཐེངས་འདིའི་བགྲོ་གླེང་དུ་ད་དུང་རྒྱ་སྐད་ཀྱི་སྐད་སྒྱུར་བའང་འདུག དེ་ཡང་། ཏཱ་ལ་བླ་མ་མཆོག་གིས་ཆེད་མངགས་འབུམ་རམས་པ་འཇམ་དབྱངས་རིན་ཆེན་ལགས་ཐེ་ཝན་ནས་ཚུར་བོས་ཏེ། སྐད་སྒྱུར་དགོས་པར་གསུངས་འདུག་ཅིང་། ཁོང་ནི་ཁ་སང་དགོང་མོར་ངྷ་སར་འབྱོར་བ་ཞིག་རེད། རྒྱ་སྐད་ཀྱི་ལམ་ནས་སྐད་བསྒྱུར་བའང་ཐད་སྲིང་བརྙན་འཕྲིན་བརྒྱུད་ནས་གཏོང་གི་འདུག

ཐེངས་འདིའི་བགྲོ་གླེང་གི་ཁ་བྱང་ནི། མིའི་རིགས་ཀྱི་དར་རྒྱས་ལ་གསར་དུ་བསམ་གཞིག་བྱེད་པ།(Reimagining Human Flourishing)ཞེས་པ་འདི་རེད། དེ་ལ་མཐོང་སྣེ་གསར་པ་ཞིག་དང་། ལྟ་ཚུལ་གསར་པ་ཞིག་གི་སྒོ་ནས་འགྲོ་བ་མིའི་རིགས་ཀྱི་མ་འོངས་པའི་དཔལ་ཡོན་གྱི་ཐད་ལ་བསམ་གཞིག་བྱེད་པ་ཞེས་ཀྱང་བརྗོད་ཆོག བརྗོད་གཞི་འདི་ནི་ཧ་ཅང་ཁྱབ་རྒྱ་ཆེ་ནའང་། ཉིན་ལྔའི་ཚོགས་འདུའི་རིང་དུ་བརྗོད་དོན་སྤྱི་ཁོག་ཅིག་བཤད་པའི་སྟ་གོན་གནང་འདུག་ཅིང་། བརྗོད་བྱ་དེ་དག་ཀྱང་ཧ་ཅང་ཞིབ་ཚགས་པོ་དང་། གཏིང་ཟབ་པོ་ཞིག་རེད།

དེ་རིང་ནི་བགྲོ་གླེང་གི་ཉིན་དང་པོ་རེད། བགྲོ་གླེང་གི་བརྗོད་གཞི་ནི། ཆུང་བྱིས་པའི་འཚར་ལོངས་དང་སྤྱི་ཚོགས་སེམས་སྦྱོང་གི་སློབ་གསོ།(Early Childhood development and social emotional learning)ཞེས་པ་འདི་རེད། གཙོ་སྐྱོང་བ་ནི་ཀིམ་བྷེར་ལེ-སི་ཁོ་ནེར་ཊི-རེ་ཆལ(Kimberly Schonert-Reichl)རེད། ཁོ་མོ་ནི་བྷི་ཊེ་ཤི་ཁོན་ལོན་བྷི་ཡ་སློབ་ཆེན་གྱི་སློབ་གསོ་གླིང་གི་དགེ་རྒན་ཆེན་མོ་ཞིག་ཡིན་པར་མ་ཟད། སློབ་ཆེན་དེའི་སྨན་གྱི་སློབ་གླིང་གི“འགྲོ་བ་མིའི་རིགས་ཀྱི་གནའ་དུས་སློབ་སྦྱོང་གི་ལས་གཞི།”ཞེས་པའི་འགན་ཁུར་མཁན་ཡང་རེད། སྔོན་ཆད། ཁོ་མོ་སློབ་འབྲིང་གི་དགེ་རྒན་གནང་མྱོང་བར་མ་ཟད། མཐོ་འབྲིང་ཞིག་གི་དགེ་རྒན་ཡང་གནང་མྱོང་འདུག

དེ་རིང་སྔ་དྲོའི་གསུང་བཤད་པ་གཙོ་བོ་གསུམ་ནི། (Richard Davidson)རི་ཆ་ཊི-ཏ་ཝེ་ཏ་སིན། (Michel Boivin)མེ་ཆེལ-བྷོ་ཝིན (Daniel Goleman)ཏ་ནིལ-གྷོ་ལེ་མན་བཅས་རེད།

སྔོན་ཆད་དང་གཅིག་མཚུངས་ཀྱིས། ཚོགས་འདུ་གཙོ་སྐྱོང་བ་ནི་ཏཱ་ལའི་བླ་མ་མཆོག་གི་འགྲམ་གྱི་ཞབས་བཀྱག་སྟེང་ནས་འདུག་དགོས་ཤིང་། ཚན་རིག་པ་ཚོས་ཞབས་བཀྱག་དེའི་མིང་ལ“ཞབས་བཀྱག་ཚ་བོ”ཞེས་འབོད་ཀྱིན་འདུག་ཅིང་། དེའི་དོན་ནི། ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་བགྲོ་གླེང་བྱེད་པར་བློ་རྩེ་གཅིག་ཏུ་སྒྲིམ་དགོས་ཤིང་། ལས་སླ་བོ་ཞིག་མིན་པའི་དོན་ཡིན། “ཞབས་བཀྱག་ཚ་བོ”འི་སྟེང་དུ་ཐོག་མར་སྡོད་མཁན་ནི། རྒྱལ་སྤྱིའི་སྟེང་ན་མིང་དུ་གྲགས་པའི་དབང་རྩའི་ཚན་རིག་པ་རི་ཆ་ཊི-ཏ་ཝེ་ཏ་སིན་རེད།

ཏ་ཝེ་ཏ་སིན་གྱིས་ཐེངས་འདིའི་བགྲོ་གླེང་ནི། ལོ་མང་གི་རིང་ལ་ཚན་རིག་པ་དང་ཏཱ་ལའི་བླ་མ་མཆོག་བགྲོ་གླེང་གནང་པ་དེ་མུ་མཐུད་ནས་མཇུག་སྐྱོང་གི་ཡོད་པ་ཞིག་ཡིན་པར་བརྗོད་ཅིང་། དམིགས་སུ་བཀར་ཏེ། སེམས་དང་ཚེ་སྲོག་ཚོགས་ཐེངས་ལྔའི་བརྗོད་གཞི་རྣམས་གླེང་སློང་གནང་། དེ་ཡང་། ༡༩༩༥ ལོའི་སེམས་དང་ཚེ་སྲོག་ཚོགས་ཐེངས་ལྔ་པའི་སྐབས་སུ། གཞན་ཕན་གྱི་བློ་དང་། ཀུན་སྤྱོད། སྙིང་རྗེའི་བློ་བཅས་ཀྱི་སྐོར་བགྲོ་གླེང་གནང་བ་དང་། ཕྱི་ལོ་ ༢༠༠༠ ཐམ་པའི་ལོར། ཚོགས་ཐེངས་བརྒྱད་པའི་སྐབས་སུ། མི་དགེ་བའི་བློའི་སྐོར་གླེང་། ༢༠༠༣ གྱི་ལོར། MITནས་འཚོགས་པའི་ཚོགས་ཐེངས་བཅུ་གཅིག་གི་སྐབས་སུ། སེམས་ལ་བརྟག་དཔྱད། ནང་པ་དང་སྐྱེ་དངོས་བྱ་སྤྱོད་ཚན་རིག་གཉིས་ཀྱིས་སེམས་ཀྱི་གནད་དོན་ཐད་ལ་བསམ་ཚུལ་བརྗེ་རེས་གནང་། ༢༠༠༤ ཡི་ལོར། ཚོགས་ཐེངས་བཅུ་གཉིས་ཀྱི་སྐབས་སུ། དབང་རྩྭའི་རང་བཞིན་གྱི་ཐད་ལ་བགྲོ་གླེང་གནང་། ༢༠༠༦ ཡི་ལོར། ཚོགས་ཐེངས་བཅུ་དགུ་པའི་སྐབས་སུ། དུས་རབས་ཉེར་གཅིག་གི་གོ་ལའི་འབངས་མི་གསོ་སྐྱོང་བྱེད་ཐབས་སྐོར་ལ་བགྲོ་གླེང་གནང་། ཁོས་དབང་རྩྭའི་རང་བཞིན་དང་ཀླད་པའི་འཚར་ལོངས་ཀྱི་ཐད་ནས། ཧ་ཅང་གལ་འགངས་ཆེ་བའི་དྲི་བ་ཞིག་བཏོན་ཞིང་། དེ་ཡང་། སེམས་དང་ཀླད་པའི་སྐོར་གྱི་དྲི་བ་ཞིག་རེད། སེམས་ཀྱིས་ཀླད་པ་ལ་ཡོངས་སུ་སྟངས་འཛིན་བྱེད་ཀྱིན་ཡོད་དམ།

འདས་པའི་ལོ་ངོ་སུམ་ཅུའི་རིང་གི་ཚན་རིག་བགྲོ་གླེང་གི་རྣམ་པ་དེ་ནི། “ཞབས་སྟེགས་ཚ་བོ”འི་སྟེང་གི་ཚན་རིག་པས་ཏཱ་ལའི་བླ་མ་མཆོག་ལ་ཚན་རིག་དང་འབྲེལ་བའི་བརྗོད་གཞི་རྣམས་གླེང་སློང་བྱས་པ་ཞིག་ཡིན། དེའི་སྐབས་སུ། ཏཱ་ལའི་བླ་མ་མཆོག་གིས་དྲི་བ་དང་དགོངས་འཆར་ནམ་ཞིག་ཏུ་གསུང་ནའང་ཆོག་པར་མ་ཟད། དེའི་བརྗོད་དོན་དང་དུས་ཡུན་ལའང་ཚད་བཀག་མེད། ཏ་ཝེ་ཏ་སིན་གྱིས་འདས་པའི་ཚོགས་འདུ་ཁ་ཤས་ཀྱི་བརྗོད་གཞི་རྣམས་རགས་བཤད་ཅིག་བྱས་པ་ན། ཏཱ་ལའི་བླ་མ་མཆོག་གིས་དེའི་ཐད་ལ་དགོངས་འཆར་དང་ཡི་རང་གནང་ཞིང་། སྐབས་དེའི་སེམས་དང་ཚེ་སྲོག་གི་ཚོགས་འདུའི་སྟེང་གི་སྙན་གྲགས་ཆེ་བའི་ཚན་རིག་པ། ཧྥ་རན་སེ་སི་ཁོ-ཝ་རེ་བླ(Francisco Varela)གླེང་ཞིང་། ཁོ་ནི་ཚེ་ལས་འདས་ཟིན། ད་དུང་། ཚེ་འདས་ཚན་རིག་པ་ལི་ཝིན་སི་ཊོན(Livingston)ཡང་གླེང་། དེ་ནས། ཁོང་གིས་འདི་ལྟར་གསུངས། ངོས་རང་ད་ལྟ་དགུང་ལོ་གྱ་གསུམ་དུ་བསླེབས་ཀྱང་། ང་ཚོས་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་འགན་ཁུར་དགོས་ཤིང་། དེང་གི་འཛམ་གླིང་གི་གནད་དོན་དག་སྣང་མེད་དུ་གཏོང་མི་རུང་། གནད་དོན་དེ་དག་ནི་འཛམ་གླིང་མི་མང་ཡོངས་ཀྱི་གནད་དོན་ཞིག་ཡིན། དཔེར་ན། སའི་གོ་ལའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་། ཆོས་ལུགས་ཕན་ཚུན་གྱི་བར་ལ་འགལ་ཟླ་བྱུང་བའི་གནད་དོན་ལྟ་བུ་རེད། གནད་དོན་འདི་དག་ལ་གདོང་ལེན་བྱེད་ཐབས་ནི། འགྲོ་བ་མི་རྣམས་གོང་བུ་གཅིག་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་སེལ་དགོས་པ་ཞིག་ཡིན་ཞིང་། ང་ཚོས་མིའི་རང་བཞིན་ནི་དགེ་བའི་ངོ་བོ་ཞིག་ཏུ་གནས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་སྟབས། གནད་དོན་དེ་དག་སེལ་ཐུབ་པའི་རྩ་བའི་རེ་བ་ཞིག་ཡོད། དེར་བརྟེན། ང་ཚོས་གཞན་ཕན་དང་སྙིང་རྗེའི་བསམ་བློར་བརྟེན་ནས། འཚེ་བ་དང་དྲག་ཤུགས་ཀྱིས་སེལ་མི་ཐུབ་པའི་དཀའ་ངལ་མང་པོ་ཞིག་སེལ་ཐུབ། ད་དུང་། ཁོང་གིས་འདི་ལྟར་གསུངས། གཞན་ལ་ཡིད་རྟོན་བྲལ་བའི་མི་ལ་བདེ་སྐྱིད་མི་ལྡན་ནོ།།

ཏ་ཝེ་ཏ་སིན་ནི་ཏཱ་ལའི་བླ་མ་མཆོག་གི་གྲོགས་པོ་རྙིང་པ་ཞིག་ཡིན། ཏཱ་ལའི་བླ་མ་མཆོག་གིས་ཧ་ཅང་ཡིད་སེམས་བསྒུལ་བའི་དགོངས་འཆར་རིང་པོ་ཞིག་གསུངས་ཤིང་། མཚམས་རེར་རྩེད་མཚར་རེ་གནང་ཡོང་བས། མི་རྣམས་གད་མོ་ལྷང་ལྷང་ངང་ཤོར་འགྲོ། བགློ་གླེང་ཚོགས་ཐེངས་རེ་རེར། ཁོང་གིས་འདི་ལྟར་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་དགོངས་འཆར་གནང་བར་ཚོགས་ཞུགས་པ་ཡོངས་ཧ་ཅང་དགའ་ཞིང་སྤྲོ་བཞིན་ཡོད་པ་ཤེས་ཐུབ། ཁོང་གིས་གསུང་བཤད་གནང་སྐབས། ཚོགས་བཅར་བ་ཡོངས་ཁ་ཁུ་སིམ་མེར་གནས།

ཏ་ཝེ་ཏ་སིན་གྱིས་བྱིས་པའི་སེམས་ཁམས་རིག་པ་དང་། སློབ་གསོ་ཆེད་མཁས་པས་བྱིས་པའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་ནས། ཚོར་བ་སྐྱེན་པའི་དུས་རིམ་ལྟ་བུའི་དུས་རིམ་ཁ་ཤས་ནི་ཧ་ཅང་གལ་ཆེན་ཡིན་པ་གསུང་གི་ཡོད་པར་གླེང་ཞིང་། དུས་རིམ་དེ་དག་གིས་རང་ཉིད་ལ་སྙོམ་སྒྲིག་བྱེད་པའི་ནུས་པ་དང་། རིག་སྟོབས་ཆུ་ཚད།( Intelligence quotience-IQ) སྤྱི་ཚོགས་དཔལ་འབྱོར་ནུས་པ། དེ་བཞིན་དུ། ལུས་པའི་འཕྲོད་བསྟེན་གྱི་གནས་སྟངས། སེམས་ཀྱི་བདེ་ཐང་བཅས་ཀྱི་ཐད་ལའང་ཤུགས་རྐྱེན་དང་ཐག་གཅོད་ངེས་ཅན་ཞིག་ཡོང་གི་ཡོད་པར་བརྗོད།

ཏཱ་ལའི་བླ་མ་མཆོག་གིས་ཏ་ཝེ་ཏ་སིན་གྱི་བཤད་མཚམས་བཅད་དེ་འདི་ལྟར་གསུངས། རྒྱ་གར་ནས། གྲོང་ཁྱེར་ནང་གི་ཕྱིའི་དངོས་པོའི་མཐུན་རྐྱེན་གྲོང་གསེབ་ཁུལ་ལས་བཟང་ནའང་། གྲོང་ཁྱེར་ནང་དུ་རང་སྲོག་གཅོད་པའི་མི་གྲངས་ནི། གྲོང་གསེབ་ཁུལ་ལས་མང་བར་བརྗོད། འདི་ནི་གྲོང་གསེབ་ཁུལ་གྱི་མི་དང་མིའི་ཕན་ཚུན་ལ་རོགས་རམ་བྱེད་པའི་སྲོལ་རྒྱུན་དེ་དང་ཕལ་ཆེར་འབྲེལ་བ་ཡོད་པ་དང་། གྲོང་ཁྱེར་ནང་དུ་མི་ཡིས་རང་ཉིད་ནི་འཕྲུལ་ཆས་ཆེན་པོ་ཞིག་གི་ཆ་ཤས་ལྟ་བུ་ཞིག་ཡིན་པའི་ཚོར་སྣང་ཡོང་གི་ཡོད་པ་རེད་ཅེས་ཀྱང་གསུངས།

དེ་ནས། ཏ་ཝེ་ཏ་སིན་གྱིས་ཨ་རིའི་སེམས་ཁམས་འཕྲོད་བསྟེན་ཞིབ་འཇུག་ཁང་གིས་བཏོན་པའི་སྙན་ཐོ་དེ་གླེང་། སྙན་ཐོ་དེ་རུ་ཨ་རི་ཡིས་སེམས་ཁམས་བདེ་ཐང་དང་། སེམས་ཁམས་ནད་པའི་ཐད་ལ་འགྲོ་གྲོན་འབོར་ཆེན་ཞིག་གཏོང་གི་ཡོད་ནའང་། སེམས་ཁམས་ཀྱི་དཀའ་ངལ་སེལ་བའི་ཕྱོགས་ནས་ཕན་ཐོགས་ཀྱི་མེད་པའི་སྐོར་བཀོད་འདུག

ཞབས་བཀྱག་ཚ་བོའི་སྟེང་དུ་སྡོད་མཁན་གཉིས་པ་ནི། མེ་ཆེལ-བྷོ་ཝིན(Michel Boivin)རེད། ཁོ་ནི་ཁ་ན་ཏ་རྒྱལ་ཁབ་ནས་ཕེབས་པའི་མཁས་པ་ཞིག་རེད་ལ། ལ་ཝ(Lava) སློབ་ཆེན་གྱི་སེམས་ཁམས་རིག་པའི་དགེ་རྒན་ཆེན་མོ་ཞིག་ཡིན་པ་དང་། བྱིས་པའི་འཚར་ལོངས་དང་། བྱིས་པའི་སེམས་ཁམས་སྐྱོན་ཅན་སོགས་ཀྱི་ཐད་ལ་ཆེད་དུ་ཞིབ་འཇུག་གནང་མྱོང་བར་མ་ཟད། ལུས་ཁམས་དང་སེམས་ཁམས། སྤྱི་ཚོགས་བཅས་ཀྱིས་བྱིས་པའི་འཚར་ལོངས་ཀྱི་ཐད་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་པའི་སྐོར་ལའང་ཞིབ་འཇུག་གནང་འདུག

ཁོས་ལོ་ངོ་མང་པོ་ཞིག་གི་རིང་དུ་བྱིས་པ་འབོར་ཆེན་ཞིག་ལ་ལྟ་ཞིབ་དང་ཞིབ་འཇུག་བྱས་པའི་སྐོར་ངོ་སྤྲོད་གནང་། ཞིབ་འཇུག་དེས་ཅི་ཞིག་ར་སྤྲོད་བྱེད་ཀྱིན་འདུག་ཅེ་ན། བྱིས་པའི་སློབ་གསོ་ཡིས་མིའི་སྤྱོད་ལམ་དང་མི་གཤིས་འཚར་ལོངས་ཀྱི་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དང་། ད་དུང་། མི་ཚེའི་འཕེལ་ཕྱོགས་དང་ཚེ་གང་གི་བདེ་ཐང་བཅས་ནི་ཆུང་བྱིས་པའི་དུས་ནས་འགོ་རྩོམ་བཞིན་ཡོད་པ་དང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་གསལ་སྟོན་གནང་གི་འདུག དེ་ནི། ལོ་གསུམ་གྱི་ཐོག་ནས་དར་མ་མཐོང་། ལོ་བདུན་གྱི་ཐོག་ནས་རྒན་པ་མཐོང་། ཞེས་པའི་རྒྱ་ནག་གི་བཤད་རྒྱུན་དེ་དང་མཚུངས། (ལོ་གསུམ་གྱི་སྐབས་སུ། དར་མ་ཆགས་སྐབས་ཀྱི་གཟུགས་གཞི་དང་སེམས་ཁམས་ཤེས་པ་དང་། ལོ་བདུན་གྱི་ཐོག་ནས། རྒན་པ་ཆགས་སྐབས་ཀྱི་བྱ་གཞག་དང་ལེགས་འགྲུབ་ཤེས་པ། ཞེས་པའི་དོན་ནོ།) མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་རིང་དུ་བྱིས་པ་གསོ་སྐྱོང་བྱས་པའི་བརྒྱུད་རིམ་གྱི་ཁྲོད་ན། དེ་འདྲའི་ཐུན་མོང་དུ་གྲུབ་པའི་སྡོམ་ཚིག་ཀྱང་འདུག འོན་ཀྱང་། ནུབ་ཕྱོགས་ཀྱི་ཚན་རིག་པ་རྣམས་ཀྱིས་སྡོམ་ཚིག་དེའི་སྔུན་ནས་མཚམས་མ་བཞག་པར་མུ་མཐུད་ནས་ཞིབ་འཇུག་གནང་། མེ་ཆེལ-བྷོ་ཝིན་གྱིས་མུ་མཐུད་ནས་བཤད། རྒྱུ་རྐྱེན་གང་དག་གིས་བྱིས་པའི་ཆུང་དུས་ཀྱི་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་དམ། དེ་ལ་མིའི་རྒྱུད་རྒྱུ་ཡིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་དམ། ཡང་ན། བྱིས་པ་འཚར་ལོངས་བྱུང་སའི་ཁོར་ཡུག་གིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་དམ། ཡང་ན། བྱིས་པའི་ཆུང་དུས་ཀྱི་འཚར་ལོངས་ནི། སྔོན་ནས་ཐག་གིས་བཅད་ཡོད་པ་ཞིག་ཡིན་ནམ། ཡང་ན། ཕྱིས་འབྱུང་གི་གནས་སྟངས་ལ་རག་ལས་པ་ཞིག་ཡིན་ནམ།

མེ་ཆེལ-བྷོ་ཝིན་གྱི་ཞིབ་འཇུག་གི་གྲུབ་དོན་གྱིས་དྲི་བ་དེར་ལན་བསྐྱོན། ཁོ་རང་གིས་མཚེ་མ་མང་པོ་ཞིག་ལ་དུས་ཡུན་རིང་པོ་ཞིག་སྤྱད་དེ་ལྟ་ཞིབ་དང་བརྟག་དཔྱད་གནང་བར་མ་ཟད། སྒོ་ང(Ova)གཅིག་ལས་བྱུང་བའི་མཚེ་མ་དང་། སྒོ་ང(Ova)མི་འདྲ་བ་ལས་བྱུང་བའི་མཚེ་མའི་བར་ལའང་ཞིབ་བསྡུར་བྱས། ཁོ་རང་གིས་རྒྱུད་རྒྱུ་དང་ཁོར་ཡུག་གཉིས་ཕན་ཚུན་ལ་ཤན་ཞུགས་ཐེབས་ཀྱི་ཡོད་པར་བརྗོད་ཅིང་། ད་དུང་། སྡོམ་ཚིག་ཅིག་འདི་ལྟར་བཀོད། རྒྱུད་རྒྱུ་ནི་གལ་ཆེན་པོ་ཞིག་ཡིན་ནའང་། ངེས་གཏན་ཅན་ཞིག་མིན་ཞིང་། ཞིབ་འཇུག་ལྟར་ན། བྱིས་པའི་སྤྱོད་པ་ལ་ཤན་ཤུགས་ཐེབས་པའི་རྒྱུ་རྐྱེན་བརྒྱ་ཆའི་བཞི་བཅུ་ནི་རྒྱུད་རྒྱུ་ལས་བྱུང་བ་དང་། བརྒྱ་ཆའི་ལྔ་བཅུ་ལས་མང་བ་ཞིག་ནི་ཕྱིས་འབྱུང་གི་ཁོར་ཡུག་ལས་བྱུང་བ་ཞིག་རེད། དེ་ཡང་། བྱིས་པའི་སྔ་སྟོད་ཀྱི་འཚར་ལོངས་ལ་ཆ་མཚོན་ནས་བཤད་ན། ཁྱིམ་ཚང་གི་ཁོར་ཡུག་དེ་རེད།

བརྗོད་གཞི་འདིའི་ཐད་ལ། ཚ་ཚ་འུར་འུར་གྱིས་བགྲོ་གླེང་དང་དོགས་འདྲི་གནང་སོང་། མེ་ཆེལ-བྷོ་ཝིན་གྱིས། རྒྱུད་རྒྱུ་དང་ཁོར་ཡུག་གཉིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པའི་རྣམ་པ་དེ་ནི་ཧ་ཅང་རྙོག་འཛིང་ལྡན་པ་ཞིག་ཡིན་པ་དང་། ཤུགས་རྐྱེན་ཐེབས་ཚུལ་དེའི་ཁྱད་ཆོས་གཙོ་བོ་ཞིག་ནི། ཆེ་ཞིང་ཆུང་བ་དང་། ཕན་ཚུན་དུ་གྲུབ་པ། སྒྲིག་གཞི་དང་ལྡན་པ། རྒྱུན་གནས་རང་བཞིན་ལྡན་པ། རིགས་རྒྱུད་ཀྱི་རང་བཞིན་ལྡན་པ་བཅས་རེད་ཅེས་བརྗོད་སོང་།

“ཞབས་བཀྱག་ཚ་བོ”སྟེང་དུ་སྡོད་མཁན་གསུམ་པ་དེ་ནི། (Daniel Goleman)ཏ་ནིལ-གྷོ་ལེ་མན་རེད། ཁོ་ནི་སྒོམ་ཉམས་ལེན་པ་ཞིག་དང་། མིང་དུ་གྲགས་པའི་རྩོམ་པ་པོ། ཐེངས་མང་ལ་སེམས་དང་ཚེ་སྲོག་གི་ཚོགས་འདུར་ཞུགས་མཁན་དང་འགན་ཁུར་མཁན་ཞིག་རེད། ཁོ་རང་གིས་བྱིས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ནས། སྤྱི་ཚོགས་རང་བཞིན་གྱི་སློབ་གསོ་དང་སེམས་སྦྱོང་གི་སློབ་གསོ་ཡིས་མི་ཚེ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་བརྗོད། དེ་ཡང་། དེ་ལྟ་བུའི་ཆུང་དུས་ཀྱི་སློབ་གསོ་ཡིས་རང་ཉིད་ངོས་ཟིན་པ་དང་། རང་ཉིད་བདག་སྐྱོང་བྱེད་པའི་ནུས་པ། སྤྱི་ཚོགས་ལ་ངོས་ཟིན། འགན་འཁྲི་དང་ལྡན་པའི་ཐག་གཅོད་བྱེད་པའི་ནུས་པ། མི་དང་མིའི་འབྲེལ་བའི་ཐད་ཀྱི་དཀའ་ངལ་སེལ་བའི་ནུས་པ་བཅས་ཀྱི་ཐད་ལ་ཤན་ཤུགས་ཐེབས་ཀྱི་ཡོད་འདུག

དེ་ནས། ཁོ་རང་གིས་འདི་ལྟར་འགྲེལ་བརྗོད་གནང་། བྱིས་པ་ལོ༥-༨ལ་སོན་སྐབས། མྱོང་ཚོར་ངོས་འཛིན་གྱི་ཐད་ལ་སློབ་སྦྱོང་སྤྲད་དེ། མྱོང་ཚོར་དང་འབྲེལ་ཏེ་སྤྱོད་པ་ཇི་ལྟར་སྟོན་དགོས་མིན་དང་། གནོད་པའི་མྱོང་ཚོར་ལ་ཇི་ལྟར་སྟངས་འཛིན་བྱེད་དགོས་མིན་གྱི་སྐོར་ལ་སྦྱོང་བརྡར་སྤྲོད་དགོས། ལོ༩-༡༡ ལ་སོན་སྐབས། མྱོང་ཚོར་ལ་རྒྱུས་ལོན་པ་དང་། དེའི་རྒྱུ་རྐྱེན་ཤེས་དགོས་པ། ཚུལ་དང་མཐུན་པའི་སྒོ་ནས་མྱོང་ཚོར་དེ་ཕྱིར་བརྗོད་པ། མི་ལ་བརྩི་བཀུར་བྱེད་དགོས་པའི་ཐད་ལ་སྦྱོང་བརྡར་སྤྲོད་དགོས། ལོ༡༢-༡༤ལ་སོན་སྐབས། གཞུང་དྲང་དང་དྲང་བདེན་གྱིས་གནད་དོན་ཐག་གཅོད་བྱེད་པའི་ནུས་པའི་ཐད་ལ་སྦྱོང་བརྡར་སྤྲོད་དགོས། ༡༤-༡༥ལ་སོན་སྐབས། རང་ཉིད་ཀྱི་འགན་འཁྲི་དང་། ཀུན་སྤྱོད་ལ་གཞིར་བཞག་སྟེ། གནད་དོན་ཐག་གཅོད་ཀྱི་ནུས་པའི་ཐད་ལ་སྦྱོང་བརྡར་སྤྲོད་དགོས། ལོ༡༦-༡༧ལ་སོན་སྐབས། ཀུན་སྤྱོད་དང་རྒྱུ་མཚན་ལ་བརྟེན་ནས་གནད་དོན་ཐག་གཅོད་ཀྱི་ནུས་པའི་ཐད་ལ་སྦྱོང་བརྡར་སྤྲོད་དགོས། ནུས་པ་འདི་དག་ལྡན་པའི་སླད་དུ། བྱིས་པར་ཆུང་དུས་ནས་སློབ་གསོ་དང་གསོ་སྐྱོང་གནང་དགོས་ཀྱི་འདུག ཆུང་དུས་ཀྱི་དུས་སྐབས་དེ་ཤོར་བ་ཡིན་ན། རྗེས་ཕྱོགས་དཀའ་ངལ་མང་པོར་འཕྲད་ཀྱི་ཡོད།

མཇུག་མཐར། ཏཱ་ལའི་བླ་མ་མཆོག་གིས་འདི་ལྟར་དགོངས་འཆར་གནང་། མིག་ཤེས་དང་རྣ་ཤེས་ལྟ་བུའི་ནུས་པའི་ཆ་ནས། མི་དང་དུད་འགྲོ་ཧ་ལམ་གཅིག་པ་རེད། ཐ་ན། དུད་འགྲོ་ཁ་ཤས་ལ་མི་ལས་ལྷག་པའི་ནུས་པའང་ཡོད། འོན་ཀྱང་། མིའི་ཀླད་པ་ནི་དུད་འགྲོའི་ནུས་པ་ལས་ཆེ་ཞིང་། དེས་བྱ་དངོས་ཀྱི་ངོ་བོ་དང་རང་བཞིན་ཤེས་ཐུབ་ཀྱི་ཡོད། མི་དགེ་བའི་བློ་ནི། བྱ་དངོས་ཀྱི་ཕྱིའི་སྣང་ཚུལ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། བློ་འདུལ་བའི་ནུས་པ་ནི། བྱ་དངོས་ཀྱི་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་བྱུང་བ་ཞིག་ཡིན། དཔེར་ན། དེང་གི་ཚད་རྡུལ་དངོས་ཁམས་རིག་པས་བྱ་དངོས་ཐམས་ཅད་ཀྱི་ངོ་བོ་ལ་སྔར་ལས་གཏིང་ཟབ་པའི་སྒོ་ནས་ངོས་འཛིན་གནང་གི་ཡོད། དེར་བརྟེན། ང་ཚོས་རང་སེམས་འདུལ་བའི་བྱ་བ་དེ་ནི། བྱ་དངོས་ཀྱི་དངོས་ཡོད་གནས་ཚུལ་ཤེས་པའི་རྨང་གཞིའི་ཐོག་ནས་འགོ་རྩོམ་དགོས་པ་ཞིག་ཡིན། དེ་ལྟ་བུའི་ནུས་པ་དེ་ལ་ང་ཚོས་ཤེས་རབ་ཅེས་བརྗོད་ཀྱི་ཡོད། དེ་བས་ན། ནང་པས་ཤེས་རབ་དང་སྙིང་རྗེ་ཟུང་འབྲེལ་བྱེད་ཀྱི་ཡོད།

སེམས་དང་ཚེ་སྲོག་གི་བགྲོ་གླེང་གི་འགྲོ་སྟངས་ལྟར། ཕྱི་དྲོ་ནི་བགྲོ་གླེང་གི་དུས་ཚོད་ཡིན། བགྲོ་གླེང་ལ་ཡང་སྡེ་ཚན་གཉིས་བགོས་ཡོད། སྡེ་ཚན་དང་པོ་ནི། ཚན་རིག་པ་ཕན་ཚུན་གྱི་བར་ལ་བགྲོ་གླེང་དང་། བསམ་འཆར། དོགས་འདྲི་གནང་བ་དེ་ཡིན། སྡེ་ཚན་གཉིས་པ་ནི། ཚོགས་ཞུགས་མང་ཚོགས་ཀྱིས་ཚན་རིག་པར་དོགས་འདྲི་བྱེད་པ་དེ་ཡིན། མང་ཚོགས་ཀྱི་ཁྲོད་ནས་སུམ་ཆའི་གཅིག་ནི་རབ་བྱུང་བ་ཡིན་སྟབས། སྐྱ་སེར་གཉིས་རེས་མོས་ཀྱི་ངང་ནས་དོགས་འདྲི་བྱེད་ཀྱི་འདུག

ཕྱི་དྲོ་བགྲོ་གླེང་མ་གནང་བའི་གོང་དུ། དགེ་རྒན་ཆེན་མོ་མེ་ཆེལ-བྷོ་ཝིན་གྱིས་ཞིབ་འཇུག་གི་དོན་ཚན་གཉིས་ཀྱི་མཐའ་མའི་གྲུབ་དོན་གྱི་སྐོར་ངོ་སྤྲོད་གནང་། དེ་ཡང་། ཆུང་བྱིས་པའི་དུས་ནས་བཟུང་སྟེ། སེམས་ཁམས་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་དགོས་པར་མ་ཟད། ད་དུང་དུས་ཡུན་ངེས་ཅན་ཞིག་ཏུ་དེ་ལྟར་གནང་དགོས་པར་བརྗོད། ཁོས་བསྐྱར་དུ་ནན་ཏན་གྱི་སྒོ་ནས་འདི་ལྟར་གསལ་བཤད་གནང་། ཁོ་རང་གི་ཚོགས་པས་བྱིས་པ་སྤྱི་ཚོགས་རང་བཞིན་ཅན་དུ་འགྱུར་བའི་བརྒྱུད་རིམ་ལ་ཞིབ་འཇུག་བྱས་པ་ལྟར་ན། རྒྱུད་རྒྱུ་ནི་ལས་དབང་དང་གཅིག་མཚུངས་མིན་ཞིང་། བྱིས་པ་སྤྱི་ཚོགས་རང་བཞིན་ཅན་དུ་འགྱུར་བའི་བརྒྱུད་རིམ་གྱི་ཁྲོད་ནས། ཁོར་ཡུག་གིས་རྒྱུད་རྒྱུ་ལས་ཤུགས་རྐྱེན་མང་བ་ཐེབས་ཀྱི་ཡོད་པ་ར་འཕྲོད་འདུག ཚིག་སྒྲོས་གཞན་ཞིག་གི་སྒོ་ནས་བཤད་ན། མི་སྤྱི་ཚོགས་རང་བཞིན་ཅན་དུ་འགྱུར་བ་དང་། མིའི་རང་གཤིས་གྲུབ་སྟངས་ཀྱི་ཐད་ནས། ལྷན་སྐྱེས་ཀྱིས་མ་འདང་བའི་ཆ་ཡོད་ཀྱང་། འཚར་ལོངས་བྱུང་སའི་ཁོར་ཡུག་གི་གནས་སྟངས་ལ་འགྱུར་བ་གཏོང་བའི་སྒོ་ནས། མ་འདང་བའི་ཆ་དེར་ཕལ་ཆེར་ཁ་གསབ་བྱེད་ཐུབ་པར་བརྗོད། བརྗོད་དོན་འདི་ནི་ཐེངས་འདིའི་བགྲོ་གླེང་གི་བརྗོད་བྱ་གཙོ་བོ། སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་གི་སློབ་གསོ།(social emotional learning)ཞེས་པ་འདི་དང་འབྲེལ་ཞིང་། དེ་ཡང་ཁྱིམ་ཚང་དང་སློབ་གྲྭའི་སློབ་གསོ་ལ་བརྟེན་ནས། སྤྱི་ཚོགས་ལ་འབྲེལ་འདྲིས་དང་། སེམས་ལ་རྒྱུས་ལོན་དང་ངེས་རྟོགས་བྱེད་པ་སོགས་ཀྱི་ཐད་ལ་སྦྱོང་བརྡར་སྤྲོད་དགོས་པ་ཞིག་ཡིན།

ཚན་རིག་པ་ཚོས་བགྲོ་གླེང་གནང་སྐབས། དོན་སྙིང་ལྡན་པའི་དྲི་བ་ཞིག་བཏོན། སྔ་དྲོའི་གསུང་བཤད་རྣམས་ཀྱི་ཁྲོད་ནས། བྱིས་པའི་སྔ་སྟོད་ཀྱི་འཚར་ལོངས་སྐབས་སུ། ཁོར་ཡུག་ནི་བྱིས་པའི་རང་གཤིས་དང་སྤྱོད་ལམ་གྱི་ཐད་ལ་ཧ་ཅང་གལ་ཆེ་བའི་ནུས་པ་ཐོན་གྱིན་ཡོད་པ་ཐེངས་མང་དུ་གླེང་ཞིང་། མདོར་དྲིལ་ནས་བཤད་ན། ཁོར་ཡུག་ཅེས་བརྗོད་པ་ནི། བྱིས་པ་ཆུང་དུས་ཀྱི་སྐབས་སུ། རང་ཉིད་དང་འབྲེལ་བ་བྱེད་སའི་མི་དག་ལ་གོ་ཞིང་། དཔེར་ན། བྱིས་པ་ལ་ལྟ་སྐྱོང་གནང་མཁན་དང་། སློབ་གསོ་སྤྲོད་མཁན། ཡང་ན། ཕ་མ་དང་དགེ་རྒན་རྣམས་ཡིན། ཞིབ་འཇུག་གིས་གསར་རྙེད་བྱས་པ་ལྟར་ན། བྱིས་པ་དང་བྱིས་པར་བདག་སྐྱོང་བྱེད་མཁན་གཉིས་བར་གྱི་སེམས་ཀྱི་གནས་སྟངས་ནི་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་བརྗོད། དཔེར་ན། སྐྱོ་གདུང་དང་ངལ་དུབ་ཀྱིས་ཁེངས་པའི་དགེ་རྒན་ཞིག་ཡོད་ཚེ། ཁོ་རང་གི་འཛིན་གྲྭའི་ནང་གི་སློབ་མ་རྣམས་ཀྱི་སེམས་ཁམས་ཀྱང་སྐྱོ་ཞིང་དུབ་པ་ཞིག་ཡིན། དེར་བརྟེན། བྱིས་པར་ལྟ་སྐྱོང་གནང་མཁན་གྱི་བྱམས་སྐྱོང་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན། དེས་ང་རང་ལ་ལོ་ཤས་སྔོན་གྱི་སེམས་དང་ཚེ་སྲོག་གི་བགྲོ་གླེང་ཚོགས་ཐེངས་ཉེར་དྲུག་གི་ཐོག་སྨན་ཞབས་པའི་བྱམས་བརྩེའི་འདུ་ཤེས་སྐོར་གླེང་བ་དེ་དྲན་དུ་བཅུག་བྱུང་། གང་ལྟར། སློབ་མའི་ཁྱིམ་བདག་དང་། ནད་པའི་སྨན་པ། ཡང་ན། ནད་པའི་ཁྱིམ་མི་གང་ཞིག་ཡིན་ཡང་། ཁོ་ཚོར་རེ་བ་དང་རེ་འདུན་མང་པོ་ཞིག་བརྗོད་ཀྱི་ཡོད་ཀྱང་། ལྟ་སྐྱོང་བའི་བྱམས་བརྩེའི་བློ་དེ་སྣང་མེད་དུ་གཏོང་གི་ཡོད།

སེམས་དང་ཚེ་སྲོག་གི་བགྲོ་གླེང་འདི་ནི། ཚན་རིག་པ་དང་ཏཱ་ལའི་བླ་མ་མཆོག་ཁོ་ནའི་བར་གྱི་བགྲོ་གླེང་ཞིག་མིན་ཞིང་། ད་དུང་ཤར་ནུབ་རིག་གནས་བར་གྱི་འབྲེལ་འདྲིས་ཤིག་ཀྱང་ཡིན། རྒྱ་གར་གྱི་རིག་གནས་སྲོལ་རྒྱུན་གྱི་ཁྲོད་དུ། སེམས་དང་བློའི་སྐོར་ལ་ལོ་ངོ་སྟོང་ཕྲག་གི་རིང་དུ་ཞིབ་འཇུག་གནང་ཡོད། དེར་བརྟེན། སེམས་དང་འབྲེལ་བའི་ཞིབ་འཇུག་གི་ཁྲོད་ནས། གཞུང་ལུགས་ཀྱི་ཆ་ཡིན་ནའང་རེད། བྱེད་ཐབས་སམ་ལག་ལེན་གྱི་ཆ་ཡིན་ནའང་འདྲ། ནང་པའི་གཞུང་དུ་དེ་དག་ནི་ཧ་ཅང་ཐུན་མོང་མ་ཡིན་པ་ཞིག་ཡིན་སྟབས། དེ་དག་གི་ཐད་ནས་བསམ་ཚུལ་རྗེས་རེས་དང་ཕན་ཚུན་འབྲེལ་འདྲིས་ཇི་ལྟར་བྱེད་པ་དེ་ནི། ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད། དཔེར་ན། ཚན་རིག་པ་ཚོས་རྒྱུད་རྒྱུ་ཞེས་གླེང་གི་ཡོད་ཅིང་། ནང་པའི་དགེ་འདུན་པ་ཚོས་ལས་ཞེས་གླེང་གི་ཡོད། བརྗོད་གཞི་དེའི་མཚམས་སུ་བསླེབས་པ་ན། སྔོན་ཆད་བགྲོ་གླེང་གནང་མྱོང་བའི་བརྗོད་གཞི་ཞིག་སྟེ། སེམས་དང་ཀླད་པ། ཤེས་པ་བཅས་ཀྱི་སྐོར་མི་གླེང་ཐབས་མེད་དུ་གྱུར། ཤེས་པའི་སྐོར་ནས། ནང་པ་དང་ཚན་རིག་གཉིས་ཀྱི་གོ་བ་མི་འདྲ་བ་དེ་ནི། ནུབ་ཕྱོགས་ཀྱི་རྩ་བའི་ཁྱད་པར་ཞིག་རེད།

ཚོགས་ཞུགས་མང་ཚོགས་ཀྱིས་དོགས་འདྲི་གནང་སྐབས། རྒྱ་གར་གྱི་མཁས་པ་ཞིག་གིས་སྤྲོ་སྣང་ལྡན་པའི་བསམ་འཆར་ཞིག་བཤད། ཚན་རིག་པ་རྣམས་ཀྱིས་སེམས་ཀྱི་འཚར་ལོངས་ཐད་ནས། ཆུང་བྱིས་པའི་དུས་དང་། ཐ་ན་མངལ་དུ་ཡོད་པའི་བྱིས་པའི་བར་དུ་གཏུགས་པ་ནི་ཧ་ཅང་དགའ་འོས་པ་ཤིག་རེད། ཡིན་ནའང་། དེ་ལས་ཀྱང་སྔ་བ་ཞིག་ཏུ་གཏུགས་དགོས་ཀྱི་འདུག་ཅེས་བཤད། ཁོ་རང་ནི་སྒོམ་ཉམས་ལེན་གནང་མཁན་ཞིག་ཀྱང་རེད། ཁོས་སྔོན་ཆད་སྒོམ་རྒྱག་སྐབས། སྒོམ་དུ་སྤྲོ་སྣང་ལྡན་པའི་ཉམས་མྱོང་མང་པོ་བྱུང་བའི་སྐོར་བརྗོད། དེ་ནས་ཁོས་དཔེ་མཚོན་ཞིག་བཤད་སོང་། མི་ཞིག་གི་ཕྲག་པ་ན་སྟེ། གཞན་གྱི་མདུན་སར་སོང་ནས་རང་ཉིད་ལ་གྲོགས་བྱེད་པའི་རེ་བ་ཞུས། དེ་ནས་ཁོ་རང་སྒོམ་དུ་ཞུགས་ཏེ། མི་དེ་སྐྱེས་པའི་སྐབས་དེར་སོང་བ་ན། སྨན་པས་མི་དེའི་ཕྲག་པ་ནས་བཟུང་སྟེ་མངལ་ནས་འཐེན་གྱིན་འདུག དེར་བརྟེན། མི་དེའི་ཕྲག་པ་ན་ཟུག་ལངས་ཀྱི་ཡོད་པ་རེད། ཡིན་ནའང་། དེས་མི་དེའི་ཕྲག་པ་ན་བཞིན་ཡོད་པའི་དཀའ་ངལ་དེ་སེལ་ཐུབ་མེད། ཁོ་རང་སྔར་ལས་གཏིང་ཟབ་པའི་སྒོམ་དུ་ཞུགས་ཏེ། མི་དེའི་སྐྱེ་བ་སྔོན་མར་སོང་བ་ན། སྐབས་དེར་མི་དེ་དམག་མི་ཞིག་རེད། ཁོའི་ཕྲག་སྟེང་དུ་དམག་མི་གཞན་ཞིག་གིས་མདུང་གིས་བསྣུན་འདུག མི་དེས་གནས་ཚུལ་དེ་ཤེས་རྗེས། ཕྲག་པའི་ན་ཟུག་རང་བཞིན་གྱིས་དྲག དེ་ནས། རྒྱ་གར་གྱི་མཁས་པ་དེས་སྐུའི་གསུང་སྒྱུར་ཐུབ་བསྟན་སྦྱིན་པར་དེའི་ཐད་ལ་བསམ་ཚུལ་ཅི་ཡོད་བཀའ་འདྲི་གནང་།

ཐུབ་བསྟན་སྦྱིན་པ་ཡིས་ནང་ཆོས་ལ་ལོ་མང་རིང་དོན་དུ་གཉེར་ཏེ་དགེ་བཤེས་ཀྱི་མཚན་གནས་བླངས་ཡོད་ཅིང་། དེའི་རྗེས་ནས། དབྱིན་ཡུལ་གྱི་ཀེམ་བྷི་རི་ཇི་གཙུག་ཁག་སློབ་གྲྭ་ནས་འབུམ་རམས་པའི་མཚན་གནས་བཞེས་པ་རེད་འདུག དྲི་བ་དེ་ལྟར་དྲིས་པ་ན། ཐུབ་བསྟན་སྦྱིན་པ་གད་མོ་ཞིག་ཤོར། གལ་སྲིད། ༸སྐུ་མདུན་དེར་བཞུགས་ཡོད་ཚེ། ཁོང་གིས་ཕལ་ཆེར་འདི་ལྟར་གསུངས་ངེས། “This is a Buddhist business” དེ་ནི་ནང་པའི་བྱ་བ་ཞིག་རེད། དོན་ནི། ལས་ནི་ནང་པའི་ཁྱབ་ཁོངས་ཀྱི་བརྗོད་གཞི་ཞིག་ཡིན་པ་ལས། ཚན་རིག་ཞིབ་འཇུག་གི་ཁྱབ་ཁོངས་ཤིག་མ་རེད། ཏཱ་ལའི་བླ་མ་མཆོག་གིས་སྔོན་ཞིག་ནས། ནང་པའི་ལྟ་གྲུབ་དང་། ནང་པའི་ཆོས། ནང་པའི་ཚན་རིག་བཅས་ནི་ཁ་ཁར་ཕྱེས་ཡོད། དེར་བརྟེན། དེང་གི་ཚན་རིག་པས་ནང་པའི་ཚན་རིག་གི་ཆ་དང་ལྷན་དུ་བགྲོ་གླེང་གནང་གི་ཡོད། དེ་ལྟར་ཡང་། རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་ལ། སེམས་དང་འབྲེལ་བའི་ཞིབ་འཇུག་གི་ཐད་ནས་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ལྡན་ཞིང་། ཉམས་མྱོང་གིས་ཕྱུག་པ། བྱེད་ཐབས་སྣ་ཚོགས་ཁོང་དུ་ཆུད་ཡོད་སྟབས། ཁོང་གིས་ཚན་རིག་པ་རྣམས་ཀྱིས་དེ་དག་གི་ཐད་ལ་གུ་ཡངས་པའི་བསམ་བློ་ཞིག་འཛིན་པར་རེ་བ་གནང་ཞིང་། ནང་པའི་ཕྱོགས་ལ་མཚོན་ནའང་། ངེས་པར་དུ་ཚན་རིག་གི་སྒྲོམ་གཞི་དང་གྲུབ་འབྲས་ལ་རྒྱུས་ལོན་དང་བརྩི་བཀུར་བྱེད་དགོས་པར་གསུངས།

ཕྱི་དྲོའི་བགྲོ་གླེང་གི་སྐབས་སུ། ཚ་ཚ་འུར་འུར་གྱིས་དོགས་འདྲི་གནང་སོང་། དོགས་འདྲི་གནང་མཁན་ཁ་ཤས་ནི་ནུབ་ཕྱོགས་ནས་ཕེབས་པའི་མཁས་པ་རེད་ལ། ཁོ་ཚོ་ནི་བྱིས་པའི་སྔ་སྟོད་ཀྱི་སློབ་གསོའི་ཐད་ནས་ཉམས་མྱོང་ཕུན་སུན་ཚོགས་པ་ལྡན་ཞིང་། མང་ཚོགས་ལ་དེའི་སྐོར་ནས་གསལ་བཤད་ཀྱང་གནང་། དེ་ནས་ནང་པའི་དགེ་འདུན་པ་ཚོའི་དྲི་བ་རྣམས་ཀྱང་གཏིང་ཟབ་ལ་ཡིད་སེམས་བསྒུལ་བ་ཞིག་ཡིན་པར་མ་ཟད། བསམ་གཞིག་གི་ནུས་པ་སྐྱེན་ཞིང་། ཤེས་རྒྱ་མཐོང་རྒྱ་ཡང་ཆེན་པོ་ཞིག་རེད།

ཏཱ་ལའི་བླ་མ་མཆོག་གིས་ཚན་རིག་བགྲོ་གླེང་འདི་ནི་བོད་པའི་དགོན་སྡེ་ཁག་ཏུ་ཁ་གཏོད་ཀྱི་ཡོད་པའི་དམིགས་ཡུལ་གཅིག་ནི། ཚན་རིག་སློབ་གསོ་དགོན་སྡེ་ཁག་ཏུ་ཁྲིད་དེ། ནང་ཆོས་ལ་རྣམ་པ་གསར་པ་ཞིག་བསྐྲུན་རྒྱུ་དེ་རེད།

མ་རྩོམ་དྲ་ཐག http://xizang-zhiye.org/2018/03/%e7%ac%ac33%e5%b1%8a%e5%bf%83%e6%99%ba%e4%b8%8e%e7%94%9f%e5%91%bd%e7%a0%94%e8%ae%a8%e4%bc%9a%e7%ac%ac%e4%b8%80%e5%a4%a9%ef%bc%9a%e5%b9%bc%e5%84%bf%e6%9c%9f%e5%8f%91%e5%b1%95%e5%92%8c%e7%a4%be%e4%bc%9a/

བསྐྱར་བཅོས།: ༢༠༡༨/༠༣/༢༠

Leave a Reply