དེ་རིང་བདེན་རྒྱབ་དང་བླངས་མི་མང་གིས་ཨ་རིའི་དོན་གཅོད་ཀྱི་གནད་དོན་ཐད་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་མ་ཐུབ་པ་ཡིན་ན་སྤྱི་ཚོགས་ཀྱི་རྙོག་དྲ་ཆེ་རུ་འགྲོ་ཡི་ཡོད་སྐོར་བརྗོད་བྱུང་།
དེ་རིང་སྔ་དྲོར་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ། བདེན་རྒྱབ་དང་བླངས་མི་མང་ཞེས་པའི་དང་བླངས་མི་མང་ ༧༠ ལྷག་གིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་གཉིས་ནས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་དགོས་པ་དང་། གྲོས་ཚོགས་ནང་སྤྱི་འཐུས་ཁག་ཅིག་ནས་དགོངས་ཚུལ་བཏོན་པ་ལྟར་ཨ་རིའི་དོན་གཅོད་ཀྱི་གནད་དོན་ཐད་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་དགོས་པའི་འབོད་སྐུལ་ལས་འགུལ་ཞིག་མགོ་འཛུགས་བྱས་སོང་།
གསར་འགོད་པས་ལས་འགུལ་གཙོ་གཉེར་བ་འཕྲིན་ལས་སྐལ་བཟང་ལགས་སུ་ལས་འགུལ་གྱི་དགོས་དམིགས་སྐོར་དྲིས་པར་ཁོང་གིས། ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་གཙོ་བོ་སྐུ་ངོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ལས་ཐོག་བསྟན་པ་ཡར་འཕེལ་གཉིས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་རོགས་གནང་ཞུ་རྒྱུ་དང་། དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་འགྲོ་བཞིན་པའི་རྙོག་དྲ་འདིའི་ཐད། བོད་མི་མང་སྤྱི་འཐུས་རྣམ་པས་གལ་གནད་དུ་རྩིས་ཏེ་སུ་ལ་བདེན་པ་ཡོད་མེད་ལ་མ་ལྟོས་པར་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ་དབྱེ་ཞིབ་ཀྱི་ཕྱག་ལས་གནང་རོགས་ཞུ་རྒྱུ་ཡིན། གལ་སྲིད་དེ་འདྲ་མ་གནང་བ་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་མི་དགོས་པའི་རྙོག་དྲ་དེ་ཆེ་རུ་འགྲོ་ཡི་ཡོད་པར་མཐོང་གི་འདུག ཞེས་བརྗོད་བྱུང་།
ཡང་ཁ་སང་གྲོས་ཚོགས་ནང་སྲིད་སྐྱོང་མཆོག་ནས་ཨ་རིའི་དོན་གཅོད་ཀྱི་གནད་དོན་ཆེད་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུ་དཀའ་ལས་ཁག་པོ་ཡོད་སྟབས། ཁྲིམས་གཏུགས་བྱེད་པ་ལས་ཐབས་ཤེས་གཞན་མེད་སྐོར་གསུངས་ཡོད་པ་དེར་བསམ་ཚུལ་ཅི་ཡོད་དྲིས་པར་ཁོང་གིས། སྤྱིར་བཏང་མི་སྒེར་ཞིག་ལ་མཚོན་ནའང་ལས་དོན་ག་རེ་ཡིན་ཡང་དཀའ་ལས་ཁག་པོ་ཡོད་རེད་ལབ་དུས། ལས་ཀ་དེ་བྱེད་འདོད་མེད་པའི་རྒྱུ་མཚན་བགྲང་རྒྱུ་དེ་རེད། བྱེད་དགོས་དང་མི་དགོས། གལ་ཆེན་ཡིན་མིན་ལ་གཟིགས་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད། རྩ་བའི་བཙན་བྱོལ་གཞུང་ལབ་དུས་བཀའ་ཤག་གཅིག་པུ་ཆགས་ཀྱི་ཡོད་པ་མ་རེད། བཀའ་ཤག་གི་དགོངས་ཚུལ་དེ་འདྲ་ཞིག་རེད་དེ། དམངས་གཙོའི་ཀ་བ་གསུམ་དང་། དམིགས་བསལ་ད་རེས་སྤྱི་འཐུས་རྣམ་པས་གྲོས་ཚོགས་ནང་ནས་གཟིགས་དགོས་པ་རེད། ཁྲིམས་ཁང་ལ་གཏུག་རྒྱུ་ནི་རྙོག་དྲ་སེལ་ཐབས་སུ་འོས་འགན་འཁུར་གྱི་མེད་པ་དང་བསམ་བློ་མེད་པར་མཐོང་གི་ཡོད་ལ། ནང་མི་ཞིག་ལ་ཆ་བཞག་ན། རྙོག་དྲ་བྱུང་ཚེ་ཁྲིམས་ཁང་ལ་གཏུག་རྒྱུ་ནི་ཆེས་མཐའ་མར་འཇོག་གི་རེད། ད་ལྟ་སྤྱི་ཚོགས་ནང་རྙོག་དྲ་ཞིག་ཡོང་བསྡད་ཡོད་པ་དང་། དམངས་གཙོའི་གཞུང་ནང་དོན་གྱི་བདག་པོ་དེ་མི་མང་ཆགས་ཡོད་པ་རེད། མི་མང་གིས་ཅིག་དགོས་ཀྱི་ཡོད་གསུང་པ་ཡིན་ན་དེར་བདག་པོ་རྒྱག་དགོས་པ་དེ་ང་ཚོའི་གཞུང་གི་ལས་འགན་རེད། བཀའ་ཤག་ཡིན་ན་རེད། དམིགས་བསལ་སྤྱི་འཐུས་རྣམ་པ་མི་མང་གི་སྐུ་ཚབ་ཡིན་པར་བརྟེན། ཕྱོགས་གཅིག་ནས་ང་ཚོའི་མགོ་འཁྲིད་ཚོས་ག་དུས་ཡིན་ན་ཡང་སྤྱི་ཚོགས་ནང་ལོགས་ལ་རྙོག་དྲ་ལབ་ཡ་དེ་དགོས་པ་མ་རེད་ཅེས་ལམ་སྟོན་གནང་གི་ཡོད་ཀྱང་། རྙོག་དྲ་ཡོང་སྲིད་པ་དང་རྙོག་དྲ་ཡོང་སྐབས་དེ་ཇེ་ཆུང་དུ་གཏོང་རྒྱུ་དང་། རྙོག་དྲ་ཆུང་ཆུང་ཞིག་ཡོད་ཚེ་དེ་མེད་པ་བཟོ་དགོས་པའི་ཐབས་ཤེས་གནང་དགོས་རེད། ཁྲིམས་ཁང་ལ་འགྲོ་དགོས་རེད་ལབ་དུས་རྙོག་དྲ་ཇེ་ཆུང་དུ་གཏོང་བ་དང་རྙོག་དྲ་མེད་པར་བཟོ་བའི་ཐབས་ཤིག་ལ་རྩ་བ་ནས་མཐོང་གི་མི་འདུག དེ་ག་རེ་བྱས་ནས་ལབ་ཀྱི་ཡོད་ཞུ་ན། སྲིད་སྐྱོང་གིས་སྐད་ཆ་དེ་ག་རང་གི་འོག་ལ་སྤྱི་འཐུས་གྲོས་ཚོགས་ཀྱིས་གལ་སྲིད་དམིགས་བསལ་ཚོགས་ཆུང་ཞིག་བཙུགས་ཏེ་སྙན་ཐོ་ཞིག་བཏོན་པ་ཡིན་ནའང་། དེ་ལ་བཀའ་ཤག་གིས་ངོས་ལེན་མ་བྱས་པ་ཡིན་ན་བྱ་རྒྱུ་གང་ཡང་མེད་པ་ཅེས་གསུང་གི་འདུག དེ་ལབ་དུས། གལ་སྲིད་ཁྲིམས་ཁང་ནང་ཕྱིན་ཏེ་ཁྲིམས་ཁང་གི་ཐག་གཅོད་ཅིག་གནང་བ་ཡིན་ནའང་དེ་ལ་བདག་པོ་རྒྱག་རྒྱུ་དང་། དེ་གཞིར་བཟུང་གིས་ཕྱག་ལས་གནང་རྒྱུ་སོགས་དེ་ལ་འདོད་པ་དང་མོས་མཐུན་གྱི་ཀུན་སློང་ཞིག་ཡོད་པ་ངས་རྩ་བ་ཉིད་ནས་མཐོང་གི་མི་འདུག གང་ལྟར་ནམ་རྒྱུན་སྤྱི་ཚོགས་ཀྱི་འགྲོ་སྟངས་དེ་རྙོག་དྲ་མེད་པ་བཟོ་དགོས་ཟེར་བའི་བསླབ་བྱ་དང་། སྒང་གི་བཀལ་མོལ་གནང་སྟངས་སོགས་མང་པོ་ཞིག་མཐུད་ཡོང་དུས་དཔལ་ལྡན་སྲིད་སྐྱོང་ལ་རྙོག་དྲ་སེལ་རྒྱུའི་ཀུན་སློང་མེད་པ་གསལ་པོ་རེད་ཤག དེ་ང་རང་ཚོ་མི་མང་གིས་མཁྱེན་དགོས་རེད་བསམ་གྱི་འདུག དམིགས་བསལ་སྲིད་སྐྱོང་གི་རྒྱབ་སྐྱོར་གནང་མཁན་ཚོས་ཞིབ་འཇུག་ཡག་པོ་གནང་སྟེ་མཁྱེན་དགོས་རེད་བསམ་གྱི་འདུག ཞེས་བརྗོད་བྱུང་།
གསར་འགོད་པས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཞི་རྒོལ་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ༧གོང་ས་མཆོག་ནས་གསོལ་རས་གནང་བའི་དམངས་གཙོ་རེད། དེའི་ནང་ལ་གཏམ་བརྗོད་རང་དབང་ཆ་ཚང་ཡོད་པ་རེད། གཞི་རྩའི་ང་ཡོ་རོབ་ཁག་དང་གང་དུ་ཕྱིན་པ་ཡིན་ནའང་དུས་རྟག་ཏུ་སྐྱོན་བརྗོད་བྱེད་མཁན་ཚོར་ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡོད། ཁྱེད་རང་ཚོར་ཚོར་བ་ཞིག་འདུག ཡིན་ན་ཡང་སྐྱོན་བརྗོད་གཞི་རྩ་མེད་པ་དེ་དག་ལ་མོས་མཐུན་མེད་མོད་ཁྱེད་རང་ཚོར་ངོ་རྒོལ་བྱེད་པའི་ཐོབ་ཐང་ཡོད་པ་རེད་ཅེས་ཞུས་བསྡད་ཡོད། ད་ཐེངས་དྷ་རམ་ས་ལར་ཕེབས་ཡོད་པ་རེད་ཅེས་བཤད་ཀྱི་འདུག བདེ་སྲུང་ལས་ཁུངས་དང་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་བ་བྱས་ཏེ་ཁོ་རང་ཚོར་ལས་འགུལ་སྤེལ་སའི་ས་ཆ་ཡང་གྲ་སྒྲིག་བྱས་ཡོད། ཁོ་རང་ཚོས་རེ་འདོད་ག་རེ་ཡིན་ན་བཤད་ཆོག་གི་ཡོད་པ་རེད། གཞི་རྩའི་ལས་འགུལ་དེ་ལ་མོས་མཐུན་མེད་དགོས་དོན་ནི། འཛིན་སྐྱོང་ལྟ་བུར་མཚོན་ན། ཐེངས་གཉིས་ལ་མི་མང་ངོས་ནས་འོས་འདེམས་ཀྱིས་བདམས་བཞག་པ་ཞིག་རེད། དེ་ཡིན་དུས་ཆོལ་ཁ་གསུམ་ཆོས་བརྒྱུད་ཚོ་དང་ཨ་རི་སོགས་བོད་པ་ཡོད་ས་ཚང་མ་ནས་འོས་བསྡུའི་གནས་ཚད་མཐོན་པོར་སོན་ནས་འདིར་སླེབས་པའི་སྲིད་སྐྱོང་ཞིག་ཡིན། དེ་བཞིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་འོས་མི་བཏོན་པ་ལྟར་གྲོས་ཚོགས་ནས་བཀའ་བློན་རྣམ་པར་རྒྱབ་སྐྱོར་གནང་སྟེ་འདེམས་ཐོན་བྱུང་བའི་བཀའ་ཤག་ཅིག་ཆགས་བསྡད་ཡོད་པ་རེད། དམངས་གཙོའི་ལམ་ལུགས་ཀྱི་འགྲོ་སྟངས་འགྲོ་ལུགས་ཐོག་ནས་བདམས་པ་ཡིན་ཙང་འགན་འཁུར་ནས་འགྲོ་བསྡད་ཡོད། ཁོ་རང་ཚོར་བཀའ་ཤག་ལ་ག་རེ་གསུང་རྒྱུ་ཡོད་ན་འགྲིག་གི་རེད་ལ། ཁོ་རང་ཚོས་དམངས་གཙོ་ལག་བསྟར་བྱས་ཏེ་འགྲོ་ཡི་འདུག དེ་རིང་ཉི་མ་ཚ་བོ་ཡོད་པས་སྤྱི་ཐབ་ནས་ཁོ་ཚོར་ཆུ་སོགས་སྐྱེལ་དགོས་པ་མིན་ནམ་བསམ་ནས་ཡོད། ཅེས་བརྗོད་སོང་།
དེའི་རྗེས་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་སུ་ཞི་རྒོལ་བས་བཟང་སྤྱོད་ཀྱི་ཐོག་ནས་ཁོས་དགོངས་པ་ཞུ་དགོས་སྐོར་འབོད་སྐུལ་བྱེད་ཀྱི་ཡོད་པ་དེར་དགོངས་ཚུལ་ཅི་ཡོད་དྲིས་པར་ཁོང་གིས། དེ་རིང་ངའི་པར་དང་མིང་སོགས་འཁུར་ནས་ང་ལ་ངོ་རྒོལ་བྱེད་མཁན་ཁ་ཤས་ཡོང་གི་ཡོད་ས་རེད། སྤྱིར་བཏང་ཁོ་ཚོས་ག་རེ་བཤད་ཀྱི་ཡོད་གསལ་བོ་ཞིག་ངའི་ངོས་ནས་ཧ་གོ་ཡི་མི་འདུག ཉེ་སྔོན་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ་མཛད་སྒོ་ལ་ཕེབས་ཕྱོགས་ཀྱི་ཐོག་ནས་བཀའ་མོལ་ཞིག་བྱུང་བ་རེད། དེ་དགའ་ལྡན་ཕོ་བྲང་རང་ནས་གསལ་བཤད་དང་གྲོས་ཚོགས་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་སྐབས་གཙང་མ་གཙང་རྐྱང་ཆགས་ཟིན་པའི་གནས་སྟངས་ཤིག་རེད། ཁོང་རྣམ་པ་ཚོས་དེའི་སྐོར་ལ་བསྐྱར་དུ་གསུང་གི་ཡོད་ན་གྲོས་ཚོགས་ཀྱི་ལས་རིམ་དེར་ཚགས་ཚུད་པོ་དང་ཡག་པོ་ཞིག་མགོ་ནས་བསྐྱར་དུ་གཟིགས་རོགས་ཞུ། དེ་ཙམ་མ་གཏོགས་གཞན་ངའི་ངོས་ནས་ཁོ་ཚོར་ག་རེ་བཤད་དགོས་ཡིན་གསལ་བོ་ཞིག་ཤེས་ཀྱི་མི་འདུག ཅེས་བརྗོད་སོང་།
གསར་འགོད་པ། སྐལ་བཟང་སྤྱིན་པ།