འབུམ་རམས་པ་པདྨ་དབྱངས་ཅན་ལཊ་ཤེས་རིག་བཀའ་བློན་དུ་བདམས།

དེ་རིང་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་ ༧ པའི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དུ་འབུམ་རམས་པ་པདྨ་དབྱངས་ཅན་ལགས་མང་མོས་བདམས་ཐོན་བྱུང་སོང་།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ལྔ་པའི་ལས་ཉིན་ ༧ པའི་སྔ་དྲོར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་འོས་མིར་འབུམ་རམས་པ་པདྨ་དབྱངས་ཅན་ལགས་མཚན་འདོན་གནང་སོང་བ་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་འོས་བླུག་དགོས་པའི་དགོངས་འཆར་བཏོན་པ་ལྟར། ངོ་བཅར་སྤྱི་འཐུས་ ༤༤ ནས་འོས་བླུགས་ཏེ། འོས་ཤོག་སྟོང་པ་ ༣ དང་། རྒྱབ་སྐྱོར་མེད་མཁན་སྤྱི་འཐུས་ ༡༥ ། རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༢༦ བྱུང་སྟེ། འབུམ་རམས་པ་པདྨ་དབྱངས་ཅན་ལགས་ཤེས་རིག་བཀའ་བློན་དུ་མང་མོས་འོས་འདེམས་གནང་སོང་བ་དང་། ཁོང་གིས་མི་ལོ་ ༢༠ ལྷག་རིང་ཤེས་ཡོན་ཐོག་ཕྱག་ལས་གནང་མྱོང་ཡོད་འདུག

གསར་དུ་བདམས་ཐོན་བྱུང་བའི་བཀའ་བློན་པདྨ་དབྱངས་ཅན་ལགས་ནི་ཕ་ཡུལ་དབུས་གཙང་ནས་ཡིན་ཞིང་། འབྲུག་གི་རྒྱལ་ས་ཐིམ་པུར་སྐྱེས། སྔོན་འགྲོ་ནས་འཛིན་རིམ་ལྔ་པའི་བར་འབྲུག་ཡུལ་ནང་གཞི་རིམ་སློབ་གྲྭ་འགྲིམས། ཕྱི་ལོ་ ༡༩༨༣ ནས་ ༡༩༨༩ བར་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གཞི་རིམ་བར་མ་དང་། ཕྱི་ལོ་ ༡༩༩༠ ནས་ ༡༩༩༣ བར་རྒྱ་གར་རྒྱལ་ས་ལྡི་ལི་མཐོ་སློབ་ནས་དབྱིན་ཡིག་རྩོམ་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན།

ཕྱི་ལོ་༡༩༩༦ ལོར་མཱ་དྷ་ར་སིའི་གཙུག་ལག་སློབ་གཉེར་ཁང་ནས་དགེ་རྒན་འོས་སྦྱོང་ཐོན་རྗེས། སུ་ཇྰ་བོད་ཁྱིམ་སློབ་གྲྭའི་ནང་དབྱིན་དགེའི་ཕྱག་ལས་གནང་ཡོད་འདུག ཕྱི་ལོ་༢༠༠༣ ལོར་ཨ་རིའི་ལོ་ཝ་(Iowa)གཙུག་ལག་སློབ་གཉེར་ཁང་ནས་ཤེས་ཡོན་ཐོག་གཙུག་ལག་རབ་འབྱམས་པ་དང་། ཕྱི་ལོ་༢༠༠༩ ལོར་གཙུག་ལག་སློབ་ཁང་དེ་ནས་ཤེས་ཡོན་ཐོག་འབུམ་རམས་པ་ཐོན་ཡོད་འདུག  ཕྱི་ལོ་༢༠༡༡ ལོར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་རྒན་སློབ་གསོ་གོང་འཕེལ་ཐོག་ཉམས་ཞིབ་ཀྱི་དཔྱད་རྩོམ་བྲིས་པར་གཟེངས་སུ་ཐོན་པའི་བྱ་དགའ་ཐོབ་ཡོད་འདུག་པ་དང་། ཕྱི་ལོ་༢༠༠༣ ནས་༢༠༠༩ བར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་དེར་སློབ་སྦྱོང་བྱེད་ཞོར་དུ། ཤེས་ཡོན་སློབ་ཚན་དང་འབྲེལ་བའི་ཉམས་ཞིབ་གནང་ཡོད་འདུག ཕྱི་ལོ་༢༠༠༩ ནས་༢༠༡༦ བར་བྷིང་ལོར་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྤྱི་གཞོན་པའི་འགན་འཁུར་བའི་ཐོག དབྱིན་ཡིག་སློབ་འཁྲིད་དང་ཤེས་ཡོན་ཚན་པའི་འགན་འཛིན་བཅས་གཅིག་ལྕོགས་སུ་གནང་ཡོད་འདུག

 གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༢༡

Leave a Reply

5 thoughts on “འབུམ་རམས་པ་པདྨ་དབྱངས་ཅན་ལཊ་ཤེས་རིག་བཀའ་བློན་དུ་བདམས།

  1. ༄༅། སྲིད་སྐྱོང་མཆོག་གི་ཐུགས་རེ་ལྟར་སྤྱི་འཐུས་རྣམས་ནས་འོས་བླུགས་་ཏེ་པད་མ་དབྱངས་ཅན་མཆོག་བཀའ་
    བློན་དུ་བདམས་ཐོན་བྱུང་བར་དངོས་གནས་བེུད་བཀའ་བློན་གཅིག་བྱུང་བར་སྙིང་ནས་བཀྲིས་བདེ་ལེགས་ཡོད།
    ཁྱེད་སློབ་བྱུང་ཡག་པོ་གནང་འདུག་པ་བསྔགས་བརྗོད་ཞུ་གི་ཡོད།

  2. གངས་ཅན་ཕོ་ཉ།

    དུས་བབ་དང་བང་ཆེན་གཉིས་ཀྱིས་གསར་འགྱུར་ལ་ཚིག་གི་ཁྱད་པ་ཅུང་ཟད་ཡོད་པ་ལྟར་སྣང་ཡང་། དོན་ལ་ཁྱད་པ་མི་འདུག་པས་བློ་ཁ་ནང་དུ་ཕྱོགས་ནས་ལེགས་པ་སོམས་དང་ཤེས་པ་འགྱུར་རོ།

  3. འབུམ་རམས་པ་དགེ་པདྨ་དབྱངས་ཅན་ལགས་སུ་ཉེ་འཆར་རང་ཤེས་རིག་བཀའ་བློན་གསར་དུ་འོས་འདེམས་བྱུང་བར། གུས་པས་དགའ་བསུ་ཞུ་བ་དང་ཆབས་ཅིག་ཏུ་ལས་དོན་མཐའ་དག་ལམ་ལྷོངས་ཡག་པོ་ཡོང་བའི་སྨོན་འདུན་ཞུ།

    བུད་མེད་གཅིག་བཀའ་བློན་དུ་ཕེབས་པར་དགའ་བསུ་ཡོད། བུད་མེད་ཀྱི་ནུས་སྟོབས་སྤེལ་རོགས་གནང།

    བོད་རྒྱལ་ལོ།

  4. བོད་ཀྱི་དུས་བབ་དང་བང་ཆེན་གཉིས་ཀྱི་གསར་འགྱུར་བར་ཁྱད།

    དུས་བབ་ནང་།

    “སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་འོས་མིར་འབུམ་རམས་པ་པདྨ་དབྱངས་ཅན་ལགས་མཚན་འདོན་གནང་སོང་བ་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་འོས་བླུག་དགོས་པའི་དགོངས་འཆར་བཏོན་པ་ལྟར།”

    བང་ཆེན་ནང་།

    “སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འབུམ་རམས་པ་པདྨ་དབྱངས་ཅན་ལགས་བཀའ་བློན་གྱི་འོས་མིར་མིང་འདོན་གནང་ཡོད་པ་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་དགག་བྱ་གནང་རྗེས། གྲོས་ཚོགས་འཐུས་མི་རྣམ་པས་གསང་བའི་འོས་བསྡུ་བྱས་ཡོད་པ་རེད།”