མ་འོངས་པར་གནས་ཚུལ་ག་རེ་བྱུང་ཡང་བཀའ་སྤྱི་གཉིས་ནས་འགན་འཁུར་དགོས་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དང་བསྟུན་ཉིན་གྲངས་ ༧ རིང་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་ཞི་རྒོལ་བྱེད་མཁན་རྣམས་ལ་སྤྱི་འཐུས་ཁག་ཅིག་ནས་དངོས་སུ་མཇལ་འཕྲད་གནང་སྟེ་བཀའ་ཤག་ལ་བཟང་ཕྱོགས་ནས་རེ་བ་རྒྱག་དགོས་པའི་ལམ་སྟོན་གསུང་བཤད་གནང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ མ་ཟིན་ཞིག་ལ་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ། བདེན་རྒྱབ་དང་བླངས་མི་མང་གིས་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་མཐའ་མ་དང་བསྟུན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། སྐབས་དེར་ལས་འགུལ་སྣེ་འཁྲིད་པ་འཕྲིན་ལས་སྐལ་བཟང་ལགས་ཀྱིས། ང་ཚོས་ད་བར་སྤྱི་ཚོགས་ལ་འགན་འཁུར་དང་བཅའ་ཁྲིམས་རིན་པོ་ཆེར་སྲུང་སྐྱོབ་བྱེད་དགོས་པ་སོགས་ཀྱི་གནས་ལུགས་དང་རྒྱུ་མཚན་མང་པོའི་ཐོག་ནས་སྐུ་ངོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་གཉིས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་དགོས་པའི་སྙན་ཞུ་བསྟུད་མར་ཕུལ་ཡོད། ང་ཚོའི་བསམ་ཚུལ་ནི་སྤྱི་ཚོགས་ནང་གི་དཀའ་རྙོག་སེལ་ཐབས་སུ་འདས་པའི་ལོ་རྒྱུས་ནང་ལའང་མཁས་པ་མང་པོ་ཞིག་གིས་སྤྱི་ཚོགས་ཞི་འཇམ་ཡོང་ཐབས་སུ་དོ་བདག་རང་ཉིད་ལས་གནས་ནས་དགོངས་པ་ཞུས་ཏེ་འགྲོ་ཡི་ཡོད་སྟབས། ང་ཚོས་ཀྱང་རེ་སྐུལ་དེ་ག་རང་ཞུ་ཡི་ཡོད་ལ། ད་རེས་གྲོས་ཚོགས་ནང་ལའང་སུ་བདེན་པ་ཡིན་མིན་ལ་མ་ལྟོས་པར་སྤྱི་འཐུས་གྲོས་ཚོགས་ཀྱིས་འགན་འཁུར་བའི་ཐོག་དམིགས་བསལ་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་རོགས་གནང་ཞེས་འབོད་སྐུལ་ཞུས་ཡོད། ཅེས་བརྗོད་སོང་།

ཡང་ཁོང་གིས། ད་ལྟའི་ཆར་མི་མང་གིས་མཁྱེན་གསལ་ལྟར། ང་ཚོའི་འབོད་སྐུལ་ལ་རེ་བ་མེད་པ་འདྲ་བོ་ཆགས་བསྡད་ཡོད་པ་རེད། འོན་ཀྱང་། ང་ཚོས་ལས་འགུལ་སྤེལ་ཏེ་ད་ལྟ་གསལ་པོ་ཞུ་རྒྱུ་ཞིག་ལ་ང་ཚོའི་སྤྱི་ཚོགས་ནང་གི་རྙོག་དྲ་དང་དཀའ་ངལ་ཅན་གྱི་གནས་སྟངས་མང་པོ་ཞིག་གི་ཐོག་སྙན་གསེང་ཞུ་ཡོད། ང་ཚོའི་ལས་འགུལ་འདི་དེ་རིང་མཚམས་འཇོག་གི་ཡོད་ཀྱང་། མ་འོངས་པར་གནས་ཚུལ་ག་རེ་འབྱུང་མིན་ང་ཚོས་ཚོད་དཔག་བྱེད་མི་ཐུབ་སྟབས། ད་ལྟའི་སྤྱི་ཚོགས་ནང་གི་དཀའ་རྙོག་དང་མ་འོངས་པར་གནས་ཚུལ་ག་རེ་བྱུང་བ་ཡིན་ན་དེའི་འགན་དེ་བཀའ་སྤྱི་གཉིས་ནས་འཁུར་དགོས་ཡོད། དེ་སྔ་དྷ་རམ་ས་ལར་གནས་ཚུལ་བྱུང་མྱོང་ཡོད་ལ། ཉེ་ཆར་རང་གྲྭ་བ་ཞིག་གིས་ཀྱང་གནས་ལུགས་རྒྱུ་མཚན་མང་པོའི་ཐོག་ནས་རང་ལུས་མེར་མཆོད་ཀྱི་ལས་འགུལ་སྤེལ་རྒྱུའི་བརྡ་ཞིག་བསྟན་ཡོད། དེ་བཞིན། གསལ་པོ་ཞུ་རྒྱུ་ཞིག་ལ་ད་ལྟ་མི་མང་གི་ཚོར་བ་དེ་ཧ་ཅང་ཤུགས་ཆེན་རེད་འདུག་ལ། དེ་མི་སྒེར་གྱི་ཆེད་མ་ཡིན་པར་བོད་སྤྱིའི་དོན་དུ་རེད་འདུག དེར་བརྟེན་མ་འོངས་པར་གནས་སྟངས་ཡག་པོ་དང་སྡུག་པོ་ག་རེ་བྱུང་བ་ཡིན་ན་དེའི་འགན་དེ་སྲིད་སྐྱོང་གཙོས་པའི་བཀའ་ཤག་དང་གྲོས་ཚོགས་ལ་ཡོད་ཅེས་མཐའ་ཚིག་བསྒྲགས་རྒྱུ་ཡིན་ཞེས་དང་། དམངས་གཙོའི་སྤྱི་ཚོགས་ནང་མི་མང་གིས་བཟང་སྤྱོད་ལྡན་པའི་ཐོག་ནས་འགན་འཁུར་ཏེ། ད་ལན་སྤེལ་བའི་ཉིན་གྲངས་ ༧ རིང་གི་ལས་འགུལ་གྱི་ཉམས་མྱོང་ཁྲོད་བཀའ་ཤག་ནས་ཁོང་ཚོར་ཐུག་འཕྲད་གནང་བའི་རེ་བ་མཐོང་མེད་ཀྱང་མུ་མཐུད་རེ་བ་རྒྱག་གི་ཡོད་སྐོར་སོགས་བརྗོད་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༤༥ ཙམ་ལ་གྲོས་ཚོགས་ཚོགས་དུས་ལྔ་པ་གྲོལ་རྗེས། བོད་མི་མང་སྤྱི་འཐུས་ཁག་ཅིག་སིལ་སྤོལ་རྩེད་ཐང་དུ་དངོས་སུ་ཕེབས་ཏེ་ཞི་རྒོལ་བ་རྣམས་ལ་ཐུག་འཕྲད་གནང་བ་མ་ཟད། བཀའ་ཤག་ནས་ལས་འགུལ་བ་རྣམས་ལ་མཇལ་འཕྲད་ཀྱི་རྣམ་འགྱུར་ཞིག་སྟོན་གྱི་ཡོད་སྟབས། བཀའ་ཤག་ལ་རེ་བ་མེད་ཅེས་ཐག་མ་བཅད་པར་བཟང་ཕྱོགས་ནས་རེ་བ་རྒྱག་དགོས་པ་དང་། ཞི་འཇམ་གྱི་ཐོག་ནས་ལས་འགུལ་སྤེལ་བ་ཞེ་དྲག་ཡག་པོ་ཡིན་སྐོར་སོགས་གསུངས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༢༤

Leave a Reply

11 thoughts on “མ་འོངས་པར་གནས་ཚུལ་ག་རེ་བྱུང་ཡང་བཀའ་སྤྱི་གཉིས་ནས་འགན་འཁུར་དགོས་ཡོད།

  1. ཁྱི་སྤྱང་ངན་འབྲེལ་དང་རྐུན་རྒྱབ་ཇག་ལང་ཟེར་བ་མི་ངན་འདི་ཚོའི་གྲལ་མིན་ནམ། མི་ངན་འདི་ཚོའི་གྲལ་ལ་ཞེན་པ་གཏིང་ནས་ལོག་སོང་ངོ་།