རྩིས་ལོ་ ༢༠༡༨།༡༩ ལོར་འགྲོ་འཆར་སྒོར་ ༢,༦༥༢,༥༥༥,༧༨༡ གཏན་འབེབ་བཀའ་འཁྲོལ་གནང་།

ཕྱི་ལོ་༢༠༡༨ དང་༢༠༡༨ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་གཏན་འབེབ་ལ་ཡོང་འཆར་དང་འགྲོ་འཆར་གཉིས་ལས་ཡོང་འཆར་མང་བ་ཆགས་འདུག

དེ་རིང་ཉིན་གུང་ཆུ་ཚོད་ ༡༠།༤༥ ཙམ་ལ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་གྲོལ་སོང་བ་དང་། འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཆར་རྩིས་ཚོད་དཔག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་སུ། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༨ དང་༢༠༡༩ ལོའི་གཏོང་ལེན་ཁྲིམས་ཡིག་སྐོར་བཅར་འདྲི་ཞུས་པ་ལྟར་ན། རྩིས་ལོ་༢༠༡༨ དང་ ༢༠༡༩ ལོའི་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་ཐོབ་པའི་ནང་རྒྱུན་གྲོན་དང་དམིགས་བསལ་འགྲོ་འཆར་སྒོར ༦༨༦,༨༤༢,༦༤༣ དང་། ཟུར་བཀོལ་རྩིས་ཁོངས་ནས་འགྲོ་འཆར་ཧིན་སྒོར་ ༡,༩༦༥,༧༡༣,༡༣༨ བཅས་ཁྱོན་བསྡོམས་འགྲོ་འཆར་སྒོར་ ༢,༦༥༢,༥༥༥,༧༨༡ གཏན་འབེབ་བཀའ་འཁྲོལ་གནང་པ་དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་ཁག་སྟེ། རྩིས་ལོའི་ནང་བྷེང་ལོར་ལྷོ་སྤྱི་ལས་ཁུངས་དང་ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་ཁག་ལྔའི་སྔོན་རྩིས་འགྲོ་འཆར་དགོས་དངུལ  ༣༡,༤༥༦,༣༠༠ དང་། རྩིས་ལོའི་ནང་འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་སྨན་ཁང་ཁག་ ༣ བཅས་ནས་སྔོན་རྩིས་འགྲོ་འཆར་དགོས་དངུལ ༧,༣༤༣,༩༢༤ བཅས་ཁྱོན་བསྡོམས་འགྲོ་འཆར་བཀའ་འཁྲོལ་ཐོབ་པ་སྒོར་ ༣༨,༨༠༠,༢༢༤ རེད་འདུག

གཞན་ཡང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་རྩིས་ལོ་ ༢༠༡༨ དང་ ༢༠༡༩ རིང་འབབ་ཡོང་རྣམས་བསྡུ་ལེན་གནང་བའི་འགན་དབང་བཀའ་ཤག་ལ་བསྐུར་བའི་ནང་། རྩིས་ལོའི་ནང་སྔོན་རྩིས་མ་དངུལ་ནས་ཡོང་འཆར་སྒོར ༦༨༦,༨༤༣,༡༧༡ དང་ཟུར་བཀོལ་ནས་ཡོང་འཆར་སྒོར་ ༡,༩༨༠,༤༨༧,༧༠༨ བཅས་ཁྱོན་བསྡོམས་འབབ་ཡོང་ཧིན་སྒོར་༢,༦༦༧,༣༣༠,༨༧༩ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་ཁག་ཏུ། རྩིས་ལོའི་ནང་བྷེང་ལོར་ལྷོ་སྤྱི་ལས་ཁུངས་དང་ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་ཁག་ལྔའི་སྔོན་རྩིས་ཡོང་འཆར་སྒོར་ ༣༣,༣༥༧,༩༠༩ དང་རྩིས་ལོའི་ནང་འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། སྨན་ཁང་ཁག་༣ བཅས་ནས་སྔོན་རྩིས་ཡོང་འཆར་སྒོར ༨,༤༦༠,༩༥༠ དང་། ཁྱོན་ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་ཧིན་སྒོར ༤༡,༨༡༨,༨༥༩  གཏན་འབེབ་གནང་འདུག

སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས། སྤྱིར་ན་ལོ་སྔོན་མ་དག་ཏུ་ག་དུས་སྔོན་རྩིས་གཏན་འབེབ་གནང་བ་ཡིན་ནའང་ཡོང་འཆར་དང་འགྲོ་འཆར་གཉིས་ལས་འགྲོ་འཆར་དེ་མང་བ་ཆགས་ཀྱི་ཡོད་ན་ཡང་ད་ལོར་ཡོང་འཆར་དང་འགྲོ་འཆར་གཉིས་ལས་ཡོང་འཆར་མང་བ་ཆགས་ཀྱི་ཡོད་དུས། ཕྱོགས་བསྡོམས་མ་དངུལ་གྱི་ངོས་ནས་ཡིན་ན་རེད། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་ལྷོ་སྤྱི་གཙོ་བོར་གྱུར་བའི་ས་འཐུས་མེད་པའི་ས་གནས་ལས་ཁུངས་ཁ་ཤས་ཡོད་པ་དེ་དག་ཚང་མ་ལ་ཡོང་འཆར་དང་འགྲོ་འཆར་གཉིས་ལས་ཡོང་འཆར་མང་བ་ཆགས་ཡོད་སྟབས། བྱུང་སོང་ཁ་མ་འདུམ་པའི་དཀའ་ངལ་དེ་མེད་པ་རེད། ཅེས་གསུངས་བྱུང་།

ཡང་ཁོང་ལ་རྩིས་ལོ་སྔོན་མ་དང་བསྡུར་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་འགྲོ་གྲོན་ག་ཚོད་ཅིག་འཕར་ཆ་དང་གཅོག་ཆ་གནང་ཡོད་མེད་དྲིས་པར་ཁོང་གིས། ཚོད་དཔག་ཚོགས་ཆུང་གི་སྙན་ཐོའི་ནང་དུ་བཏོན་ཡོད་པ་ལྟར། ལོ་སྔོན་མ་དང་བསྡུར་ན་འགྲོ་གྲོན་ཡོང་འབབ་བརྒྱ་ཆ་༨ དང་ཚེགས་ཁ་ཤས་ཤིག་འཕར་འདུག ལོ་སྔོན་མར་སྒོར་ས་ཡ་ ༢༤༠༠ ལྷག་ཅིག་འཕར་ཆ་གནང་ཡོད་པ་དང་། ད་ལོར་སྒོར་ས་ཡ་༢༦༠༠ ལྷག་ཅིག་འཕར་ཆ་གནང་ཡོད་པ་རེད། གཞན་ཡང་གཅོག་ཆ་རྣམས་ལས་དོན་གྱི་ངོ་བོའི་ཐོག་ནས་བཅག་མེད་པར་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་སྙན་དེབ་གསར་ཤོག་དེ་གཅོག་ཆ་ཞུས་ཡོད་པ་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་སྙན་དེབ་དཔལ་འབྱོར་ལས་ཁུངས་ཀྱི་གཏན་འབེབ་རིན་འབབ་ལས་བརྒལ་ཡོད་པ་དེར་གཅོག་ཆ་ཞུས་ཡོད་པ་རེད། ཅེས་གསུངས་བྱུང་།

དེ་རིང་ཉིན་མཐའ་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་༩ པ་བསྐོ་འཛུགས་གནང་རྒྱུ་དང་འབྲེལ་བའི་སྤྱི་མོས་གྲོས་ཆོད་ཅིག་བཞག་པའི་ནང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་༨་པས་རྩིས་ལོ་༢༠༡༤ དང་༢༠༡༥ གཙོས་རྩིས་སྙན་ཁག་ལ་ཞིབ་འཇུག་ཞུས་པའི་གྲུབ་དོན་སྙན་ཐོ་བོད་མི་མང་སྤྱི་འཐུས་སྐབས་༡༦ པའི་གྲོས་ཚཽགས་ཚོགས་དུས་༤ པའི་ཐོག་སྙན་སྒྲོན་ཟིན་པ་ནང་གསལ་མུ་མཐུད་མཇུག་སྐྱོང་རྩིས་གཙང་དགོས་རིགས་འཛིན་སྐྱོང་བཀའ་ཤག་གིས་མཇུག་སྐྱོང་ཕྱག་བསྟར་ཇི་ཞུས་དང་། ལན་འདེབས་གསལ་བཤད་བཅས་འཁོད་པའི་སྙན་ཐོ་ཕྱི་ལོ་༢༠༡༨ ཟླ་༣ པའི་ཟླ་མཇུག་ནང་ཚུད་སྤྱི་འཐུས་རྒྱུན་ལས་སུ་འབུལ་རྒྱུ་གནང་ཡོད་པ་དེ་དག་ལ་ཞིབ་འཇུག་གནང་ཆེད་དང། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་གཙོ་བོ་རྩིས་ལོ་༢༠༡༥ དང་༢༠༡༦ ལོའི་རྩིས་ཞིབ་སྙན་ཐོར་ཞིབ་འཇུག་བྱེད་ཆེད་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་༩ པ་བསྐོ་འཛུགས་གནང་རྒྱུ་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་༩ པས་རྩིས་ལོ་༢༠༡༤ དང་༢༠༡༥ གཙོས་རྩིས་སྙན་ཁག་ལ་ཞིབ་འཇུག་གནང་བའི་མཐའ་མའི་གྲུབ་དོན་དང་། དེ་བཞིན་རྩིས་ལོ་༢༠༡༥ དང་༢༠༡༦ ལོའི་གཙོས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ཞིབ་སྙན་ཐོར་ཞིབ་འཇུག་གནང་བའི་གྲུབ་དོན་སྙན་ཐོ་བཅས་གྲོས་ཚོགས་ཚོགས་དུས་༧ པར་འབུལ་དགོས་ཀྱི་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༢༤

Leave a Reply