འཛམ་གླིང་རྒྱལ་ཁབ་མང་པོས་ཨུ་རུ་སུར་ཉེས་ཆད་བཅད།

ཨུ་རུ་སུས་གསང་ཉུལ་བ་ཆེད་མངགས་ཀྱིས་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་སིམ་འཛུལ་ཟིང་འཁྲུག་སློང་གི་ཡོད་པའི་དོགས་གཞིའི་འོག་རྒྱལ་ཁབ་ ༢༡ ལྷག་གིས་ཨུ་རུ་སུའི་གཞུང་འབྲེལ་ལས་བྱེད་མང་པོ་ཕྱིར་འཕུད་གཏོང་གི་འདུགརྒྱལ་ཚོགས་ཀྱིས་བཀག་སྡོམ་བྱས་པའི་དུག་རྫས་ཤིག་གིས་གསང་ཉུལ་བ་ལྐོག་གསོད་བྱས་པའི་ནག་ཉེས་འོག དབྱིན་ཇི་གཙོས་འཛམ་གླིང་གི་རྒྱལ་ཁབ་ ༢༡ ལྷག་གིས་རྒྱལ་ཁབ་སོ་སོའི་ནང་ཡོད་པའི་ཨུ་རུ་སུའི་གཞུང་འབྲེལ་ལས་བྱེད་མང་པོ་ཕྱིར་འཕུད་གཏོང་བཞིན་ཡོད་པ་དང་། ཨུ་རུ་སུས་ཀྱང་དབྱིན་ཇིའི་གཞི་མེད་སྐྱོན་འཛུགས་ལ་ངོས་ལེན་མེད་ཅེས་བསྒྲགས་ཡོད་པ་མ་ཟད། དབྱིན་གཞུང་གཙོས་རྗེས་འབྲང་རྒྱལ་ཁབ་ཁག་ལ་རྒོལ་ལན་སློག་གི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཨུ་རུ་སུའི་གཞུང་གིས་གསང་བའི་མི་སྣ་མངགས་གཏོང་བྱས་ཏེ། དབྱིན་ཡུལ་གྱི་མི་སེར་ཡིན་པའི་ཨུ་རུ་སུ་གཞུང་གི་གསང་ཉུལ་བ་ཟུར་པ་སར་གྷེ་སི་ཁར་པལ་(Sergei Skripal)་ཞེས་པ་དང་། ཁོའི་བུ་མོ་ཡོ་ལེ་ཡ་(Yulia)གཉིས་མཉམ་འབྲེལ་རྒྱལ་ཚོགས་ནས་བཀའ་སྡོམ་བྱས་པའི་རྫས་ངན་ཞིག་སྤྲད་དེ་ལྐོག་གསོད་བྱེད་རྩིས་བྱས་ཡོད་པ་དང་། ལྐོག་གསོད་ཀྱི་དོན་རྐྱེན་བྱུང་རྗེས། དབྱིན་ཇིའི་གཞུང་ནས་ཨུ་རུ་སུར་སྐྱོན་བརྗོད་དྲག་པོ་བྱས་པ་མ་ཟད། དབྱིན་ཡུལ་དུ་ཡོད་པའི་ཨུ་རུ་སུའི་གཞུང་འབྲེལ་ལས་བྱེད་ ༢༣ ཕྱིར་འཕུད་བཏང་བར་བརྟེན། ཁ་སང་ཨུ་རུ་སུའི་གཞུང་གིས་ཡུལ་དེའི་ནང་ཡོད་པའི་དབྱིན་གཞུང་གི་ལས་བྱེད་ ༢༣ ཕྱིར་འཕུད་གཏོང་རྒྱུའི་རྒོལ་ལན་བསློགས་པ་དང་སྦྲགས།  ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གིས་དབྱིན་ཇིའི་གཞུང་ནས་ཨུ་རུ་སུར་ཁུངས་ལུངས་མེད་པའི་ཉེས་འཛུགས་དང་སྐྱོན་བརྗོད་བྱས་པར་ངོས་ལེན་རྩ་བ་ནས་མེད་ལ། དབྱིན་གཞུང་གིས་ཕྱོགས་ལྷུང་ཅན་གྱི་ལངས་ཕྱོགས་འཁྱེར་ནས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་དང་། ནུབ་རྒྱ་མཚོའི་མནའ་མཐུན་ཚོགས་པའི་ཚོགས་མི་རྒྱལ་ཁབ་ཁག་སོ་སོའི་རྗེས་སུ་འབྲང་ཐབས་བྱེད་ཀྱི་ཡོད་ཀྱང་།  ལྡོག་ཕྱོགས་ཀྱི་ལས་འགུལ་ནང་དཔུང་རོགས་བྱེད་མཁན་རྒྱལ་ཁབ་ཚང་མ་ང་ཚོས་མ་མཐོང་མ་གོ་ཁུལ་བྱས་ནས་མི་འཇོག་པར་ལན་འདེབས་བྱེད་ངེས་ཡིན། ཞེས་བསྒྲགས་འདུག

ཕྱི་ཚེས་ ༢༦ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུ་ཡིས། སི་ཡ་ཊིལ་གྲོང་ཁྱེར་དུ་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཁང་སྒོ་རྒྱག་དགོས་པའི་བཀའ་རྒྱ་བསྒྲགས་པ་མ་ཟད། ཨུ་རུ་སུའི་གཞུང་འབྲེལ་ལས་བྱེད་ ༦༠ གསང་མྱུལ་བ་ཡིན་པའི་དོགས་གཞིའི་འོག་ཕྱིར་འཕུད་གཏོང་རྒྱུ་ཡོངས་བསྒྲགས་བྱས་ཡོད་པ་དང་སྦྲགས། ཐག་གཅོད་དེ་ནི་ཨུ་རུ་སུ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་འགལ་ཏེ་རྫས་སྒྱུར་བེད་སྤྱོད་ཀྱིས་དབྱིན་ཇིའི་མི་སེར་སྐུ་ཞབས་སར་གྷེ་སི་ཁར་པལ་ལགས་ལྐོག་གསོད་བཏང་བར་རྒོལ་ལན་སྤྲད་པ་ཡིན་ལ། ད་དུང་ཨ་རིའི་ནང་ཨུ་རུ་སུའི་གསང་མྱུལ་བ་ཡིན་པའི་དོགས་གཞི་ཅན་གྱི་ལས་བྱེད་ ༤༠ ལྷག་ཅིག་ཡོད་སྐོར་བསྒྲགས་ཡོད་པ་རེད།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དབྱིན་གཞུང་གིས་ཨུ་རུ་སུར་སྐྱོན་བརྗོད་བསྒྲགས་གཏམ་སྤེལ་རྗེས། འཛམ་གླིང་རྒྱལ་ཁབ་ ༢༡ ལྷག་ནས་ཨུ་རུ་སུས་རྒྱལ་སྤྱིའི་སྒྲིག་ཁྲིམས་དང་འགལ་བའི་དུག་རྫས་བེད་སྤྱོད་བྱས་པ་དང་། རྒྱལ་ཁབ་གཞན་གྱི་ཁྲིམས་དང་མི་སེར་གྱི་བདེ་འཇགས་སོགས་ལ་ཉེན་ཁ་བཟོ་བཞིན་པར་ངོས་འཛིན་བྱས་ཏེ། རྒྱལ་ཁབ་སོ་སོའི་ནང་ཡོད་པའི་ཨུ་རུ་སུའི་གཞུང་འབྲེལ་ལས་བྱེད་རྣམས་ཕྱིར་འཕུད་གཏོང་རྒྱུ་ཡོངས་བསྒྲགས་བྱས་འདུག ཡོངས་བསྒྲགས་བྱས་པའི་གནས་ཚུལ་ནང་འཁོད་པ་ལྟར་ན། ཡུ་རོབ་རྒྱལ་ཁབ་ཁག་ ༡༦ ནས་ཨུ་རུ་སུའི་གཞུང་འབྲེལ་ལས་བྱེད་ ༣༢ ཕྱིར་འཕུད་གཏོང་རྒྱུ་དང་།   ཨ་རི་གཙོས་ཁེ་ན་ཌ་དང་། ཡོ་ཁུ་རན། དེ་བཞིན་ནོར་ཝེ་དང་།  ཨོ་སི་ཊོ་ལེ་ཡ། ཨལ་བྷན་ནེ་ཡ་བཅས་རྒྱལ་ཁབ་ཁག་ ༦ ནས་ཨུ་རུ་སུའི་གཞུང་འབྲེལ་ལས་བྱེད་ ༨༥ བཅས་ཁྱོན་བསྡོམས་ཨུ་རུ་སུའི་གཞུང་འབྲེལ་ལས་བྱེད་ ༡༠༥ ཕྱིར་འཕུད་གཏོང་རྒྱུ་ཡིན་པ་མ་ཟད། རྒྱལ་ཁབ་མང་ཤོས་ཀྱིས་ཨུ་རུ་སུའི་གཞུང་འབྲེལ་ལས་བྱེད་ཚོར་བདུན་ཕྲག་གཅིག་གི་དུས་ཡུན་མ་གཏོགས་སྤྲད་མེད་འདུག

རྒྱལ་ཁབ་དེ་དག་གིས་ཨུ་རུ་སུའི་གཞུང་འབྲེལ་ལས་བྱེད་ཕྱིར་འཕུད་ཀྱི་ཉེས་ཆད་ཡོངས་བསྒྲགས་བྱས་རྗེས། དབྱིན་ཡུལ་སྲིད་བློན་ཐི་རེ་ཟ་མེ་ལགས་ཀྱིས་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ལ་བསྔགས་བརྗོད་དང་འབྲེལ། ང་ཚོས་དཔུང་བ་མཉམ་གཤིབ་བྱས་ཏེ་ཨུ་རུ་སུས་མུ་མཐུད་རྒྱལ་སྤྱིའི་སྒྲིག་ཁྲིམས་ལ་རྩིས་མེད་རྡོག་རོལ་གཏོང་མི་ཆོག་པའི་བརྡ་ལན་སྤྲོད་ཀྱི་ཡོད། ཅེས་བརྗོད་འདུག

ད་རེས་ཡུ་རོབ་རྒྱལ་ཁབ་མང་པོས་ཨུ་རུ་སུའི་གཞུང་འབྲེལ་ལས་བྱེད་ཕྱིར་འཕུད་གཏོང་དགོས་པའི་རྒྱུ་མཚན་ནི། དབྱིན་ཇིའི་གཞུང་ལ་མཐུན་ཕྱོགས་རྒྱལ་ཁབ་ཀྱི་རྣམ་པ་བསྟན་པ་ཙམ་མ་ཟད། རྒྱལ་ཁབ་སོ་སོའི་ནང་ཨུ་རུ་སུའི་གསང་མྱུལ་བས་ཐེ་གཏོགས་བྱེད་ཀྱི་ཡོད་པར་དོགས་གཞི་ཡོད་པས་ཡིན་འདུག་ལ། ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་གསང་མྱུལ་བ་འགྲེམས་འཇོག་གིས་ཆབ་སྲིད་ཟིང་འཁྲུག་སློང་གི་ཡོད་སྐོར་ཉེ་སྔོན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཕྱི་ལོ་ ༢༠༡༨ ལོའི་ལྷན་ཚོགས་ཐེངས་དང་པོའི་ཐོག་གི་བརྗོད་གཞི་གལ་ཆེན་ཞིག་ཀྱང་ཆགས་ཡོད་འདུག

གནད་དོན་དཔྱད་ཞིབ་པ་ཚོས་བརྗོད་ན།  ཡུ་རོབ་མཐུན་ཚོགས་ཀྱི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨུ་རུ་སུ་ནི་གྲང་དམག་སྐབས་མཐུན་མེད་སྟབས། ཨུ་རུ་སུས་ད་ལྟའི་གྲང་དམག་གསར་པ་ལྟ་བུའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལས་འགུལ་ལ་རྒོལ་ལན་སློག་སྟེ། ཨུ་རུ་སུའི་ནང་ཡོད་པའི་རྒྱལ་ཁབ་དེ་དག་གི་གཞུང་ཚབ་མི་སྣ་སོགས་ཕྱིར་འཕུད་བཏང་ནས་རྒོལ་ལན་སློག་ངེས་ཡིན་སྐོར་བརྗོད་ཀྱི་འདུག་ལ། ཐེངས་འདིའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལས་འགུལ་དེ་ནི་གྲང་དམག་རྗེས་ཀྱི་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཕྱིར་འཕུད་བཏང་བ་མང་ཤོས་ཤིག་དང་།  ཕུ་ཊིན་གཞུང་ལ་འཛམ་གླིང་རྒྱལ་ཁབ་ཁག་ནས་ཉེས་ཆད་བཏང་བ་ཤུགས་ཆེ་ཤོས་ཤིག་ཆགས་ཡོད་འདུག

ཨུ་རུ་སུས་ལྐོག་གསོད་བྱས་པའི་གསང་ཉུལ་བ་ཟུར་པ་སར་གྷེ་སི་ཁར་པལ་ལགས་ནི། ཕྱི་ལོ ༡༩༥༡ ལོའི་ཟླ་ ༦ ཚེས་ ༢༣ ཉིན་ཨུ་རུ་སུའི་ས་གནས་ཨོ་བྷི་ལ་སི་ཊི(Kaliningrad Oblast)ཞེས་པར་སྐྱེས་ཤིང་། ཕྱི་ལོ་ ༡༩༧༢ ལོར་དམག་སྲིད་སློབ་མཐར་ཕྱིན་རྗེས། འཛམ་གླིང་ཐོག་གི་གནམ་མཆོང་དམག་སྡེ་ཆེ་ཤོས་ཨུ་རུ་སུའི་(Airborne Forces)ནང་ཞུགས་ནས་རིམ་པས་ཨུ་རུ་སུའི་དམག་དོན་གསང་མྱུལ་བ་ཆགས།  ཕྱི་ལོ་ ༡༩༩༠ ནང་ཡུ་རོབ་ལྷོ་རྒྱུད་ཀྱི་སྤྱི་མཐུན་རྒྱལ་ཁབ་མལ་ཊའི(Malta)ནང་གི་ཨུ་རུ་སུའི་གཞུང་ཚབ་ཁང་དུ་དམག་དོན་ཐོག་གསང་མྱུལ་བའི་ལས་ཀ་བྱས། ཕྱི་ལོ་ ༡༩༩༤ དང་ ༡༩༩༥ ནང་སི་པན་དང་དབྱིན་ཡུལ་སོགས་སུ་ཨུ་རུ་སུའི་གསང་མྱུལ་བ་བྱས་རྗེས་འཕྲོད་བསྟེན་ལ་དཀའ་ངལ་འཕྲད་དེ་ཕྱིར་ཨུ་རུ་སུར་ལོགས་དགོས་བྱུང་།  ཕྱིས་སུ་ཨུ་རུ་སུའི་དམག་སྲིད་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གཞོན་པའི་ལས་འགན་འཁུར་སྐབས་རྒས་ཡོལ་ཞུས་ཡོད་འདུག སྐབས་དེར་ཨུ་རུ་སུའི་གཞུང་ནས་ཁོས་དབྱིན་ཇིའི་གཞུང་ལ་གསང་མྱུལ་བའི་ལས་ཀ་སྒྲུབ་ཀྱི་ཡོད་པ་མ་ཟད།  ཨུ་རུ་སུའི་གསང་བའི་གནས་ཚུལ་ཕྱིར་ཤོར་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་ཀྱང་།  ཁོས་མུ་མཐུད་ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་ལ་ལས་ཀ་བྱས་ཡོད་འདུག  ཕྱི་ལོ་ ༢༠༠༤ ལོར་ཨུ་རུ་སུའི་གཞུང་ནས་ཁོས་ཨུ་རུ་སུའི་གསང་མྱུལ་བ་ ༣༠༠ ཙམ་ཞིག་གི་གནས་ཚུལ་ཕྱིར་གྱར་ཡོད་པའི་ཉེས་མིང་འོག རྒྱལ་ས་མོ་སི་ཁོའི་རང་ཁྱིམ་ནས་འཛིན་བཟུང་བྱས་པ་དང་། ཕྱི་ལོ་ ༢༠༠༦ ལོར་ཨུ་རུ་སུའི་དམག་དོན་ཁྲིམས་ཁང་ནས་ཁོས་རྩ་ཁྲིམས་དོན་ཚན་ ༢༧༥ པ་ཕྱིར་བསྒྲགས་བྱས་ཡོད་པའི་ནག་ཉེས་འོག ལོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༩ ཉིན་བཙོན་གྲོལ་ཐོབ་སྟེ་དབྱིན་ཡུལ་དུ་གནས་སྤོར་བྱས་ཡོད་ཀྱང་།  ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཨུ་རུ་སུའི་གསང་བའི་མི་སྣས་དུག་རྫས་ཤིག་གིས་ཁོ་རང་བུ་མོ་དང་ལྷན་དུ་ལྐོག་གསོད་ཀྱིས་ད་ལྟ་ཛ་དྲག་སྨན་བཅོས་བྱེད་མུས་ཡིན་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༣༠

Leave a Reply