འབར་མའི་སྲིད་འཛིན་གསར་པ་བདམས།

ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་ཕྱག་རོགས་ཝེ་མེན་ཊི་ལགས་ལ་འབར་མའི་སྲིད་འཛིན་སྐབས་ ༡༠ པའི་རྒྱལ་ཁ་ཐོབ་ཡོད་ཀྱང་འབར་མའི་སྲིད་དབང་གི་རྩ་བ་ད་དུང་ཡང་དྲག་དམག་གཞུང་གི་ལག་ཏུ་ཡོད་སྐོར་བརྗོད་ཀྱི་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཉེ་སྔོན་འབར་མའིི་སྲིད་འཛིན་སྐུ་ཞབས་ཧེ་ཊིན་ཁེ་ཝོ་(Htin Kyaw)ལགས་ཀྱིས་གློ་བུར་དུ་རྩ་དགོངས་ཞུ་དགོས་བྱུང་ཡོད་པ་ལྟར། ཁ་སང་འབར་མའི་གྲོས་ཚོགས་ཀྱི་འཐུས་མི་ ༦༣༦ ནས་སྲིད་འཛིན་འོས་མི་གསུམ་ལ་འོས་ཤོག་བླུགས་པ་བརྒྱུད། ད་ལྟའི་ལས་ཐོག་སྲིད་འཛིན་གཞོན་པ་དང་། དེ་སྔོན་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཝེ་མེན་ཊི་(Win Myint)ལགས་ལ་འོས་གྲངས་ ༤༠༣ ཐོབ་སྟེ། འབར་མའི་སྐབས་ ༡༠ པའི་སྲིད་འཛིན་དུ་བདམས་ཐོན་བྱུང་ཡོད་འདུག

འབར་མའི་སྲིད་འཛིན་འོས་མི་ནི་གྲོས་ཚོགས་གོང་འོག་གཉིས་ནས་སྲིད་འཛིན་གཞོན་པ་རེ་རེ་དང་། དྲག་དམག་གཞུང་གི་སྲིད་འཛིན་གཞོན་པ་གཅིག་བཅས་ཡོང་གི་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་ནང་། འོས་མི་ཝེ་མེན་ཊི་(Win Myint)ལགས་སུ་གཞུང་འཛིན་རྒྱལ་ཡོངས་དམངས་གཙོ་ཚོགས་པ་དང་གྲོས་ཚོགས་འོག་མ་གཉིས་ཀྱི་རྒྱབ་སྐྱོར་འོག་འོས་ ༤༠༣ ཐོབ་ཡོད་པ་དང་། འོས་མི་མེན་ཊི་སའེ་(Myint Swe)ལགས་སུ་དྲག་དམག་གཞུང་གི་རྒྱབ་སྐྱོར་འོག་འོས་ ༢༡༡།  དེ་བཞིན་འོས་མི་ཧན་རེ་བན་ཊིའོ་(Henry Van Tio)ལགས་སུ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་འོག་འོས་ ༡༨ བཅས་ཐོབ་ཡོད་འདུག

སྐུ་ཞབས་ཝེ་མེན་ཊི་ནི་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་ཕྱག་རོགས་ལེགས་ཤོས་ཤིག་ཡིན་སྟབས། བརྒྱུད་ལམ་ཁག་མང་པོས་ཁོང་ནི་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་གཡས་ལག་ལྟ་བུར་གྱུར་ཡོད་སྐོར་བརྗོད་བཞིན་འདུག་ལ། འབར་མའི་གྲོས་ཚོགས་འོག་མའི་འཐུས་མི་དང་དམངས་གཙོ་ཚོགས་པའི་ཚོགས་མི་ཝེ་རྫའོ་(Win Zaw)ལགས་ཀྱིས།  ང་ཚོའི་རེ་བར་ཁོས་སྲིད་འཛིན་གྱི་དབང་ཆ་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་ཁབ་འདིིའི་ཆེད་ལས་དོན་ཧུར་ཐག་སྒྲུབ་པར་ཡིད་ཆེས་ཡོད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༡༦ ལོར་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་སྣེ་འཁྲིད་པའི་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པར་གཞུང་འཛིན་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང་། འབར་མའི་རྩ་ཁྲིམས་ནང་ཁྱིམ་མི་གང་རུང་ཕྱི་རྒྱལ་གྱི་མི་སེར་ཡིན་ན་སྲིད་འཛིན་གྱི་འོས་ཆོས་ཚང་གི་མེད་པར་བརྟེན། ལྕམ་ཨང་སན་སུའུ་སྐྱིད་ལགས་སུ་སྲིད་འཛིན་གྱི་འོས་ཆོས་མ་ཚང་བར་རྒྱལ་ཁབ་ཀྱི་སློབ་སྟོན་པར་བསྐོ་བཞག་བྱས་ཡོད་པ་དང་། སྐབས་དེར་མོས་མི་མང་དང་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་འོག་རང་ཉིད་ཀྱི་དབང་ཆ་སྲིད་འཛིན་གྱི་སྒང་ན་ཡོད་སྐོར་བརྗོད་ཡོད་པ་རེད།

དེ་སྔ་འབར་མའི་བརྒྱུད་ལམ་ཁག་གིས་སྲིད་འཛིན་ཟུར་པ་སྐུ་ཞབས་ཧེ་ཊིན་ཁེ་ཝེ་ལགས་ཀྱིས་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་རྒྱུ་མཚན་ནི་འཕྲོད་བསྟེན་གནས་སྟངས་ཡག་པོ་མེད་པས་ཡིན་སྐོར་བརྗོད་ཡོད་ཀྱང་། སྐུ་ཞབས་ཧེ་ཊིན་ལགས་ཀྱི་བཟའ་ཟླ་སོ་སོ་ལི་ཝེན་(Su Su Lwin)ལགས་ནས་ཁོས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་རྒྱུ་རྐྱེན་ནི་ཁོ་རང་སྲིད་འཛིན་གྱི་ལས་གནས་ཐོག་འདུག་འདོད་མེད་པ་ཡིན་སྐོར་བརྗོད་འདུག སྲིད་འཛིན་ཟུར་པ་སྐུ་ཞབས་ཧེ་ཊིན་ལགས་སུ་འབར་མའི་དྲག་དམག་གཞུང་གི་གནོན་ཤུགས་འོག་ཐེངས་འགར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་ཀྱང་སྲིད་སྟེགས་སྤྲད་མེད་པ་དང་། ད་རེས་ཀྱི་གནས་ཚུལ་འདིས་འབར་མའི་སྲིད་དབང་གི་རྩ་བ་ད་དུང་ཡང་དྲག་དམག་གིས་བཟུང་ཡོད་པ་སྟོན་གྱི་ཡོད་སྐོར་བརྗོད་ཀྱི་འདུག

གསར་དུ་འདེམས་ཐོན་བྱུང་བའི་སྲིད་འཛིན་སྐུ་ཞབས་ཝེ་མེན་ཊི་ལགས་ནི་རང་ལོ་ ༦༦ ཡིན་ཞིང་། ཕྱི་ལོ་ ༡༩༨༡ ལོར་ས་གཤིས་རིག་པའི་ཐོག་སློབ་མཐར་ཕྱིན་རྗེས། འབར་མའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་དང་ཁྲིམས་ཞིབ་པ་སོགས་ཀྱི་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༨༨ ཟླ་ ༨ ཚེས་ ༨ ཉིན་འབར་མའི་མི་མང་གྱེན་ལངས་ལས་འགུལ་ནང་ཞུགས་རྗེས་དྲག་དམག་སྲིད་གཞུང་གིས་བཙོན་འཇུག་བྱས་ཏེ།  ཕྱི་ལོ་ ༢༠༡༢ བར་ཆབ་སྲིད་ནང་འཛུལ་ཞུགས་བྱེད་དུ་བཅུག་མེད་པ་རེད།  ཕྱི་ལོ་ ༢༠༡༥ ལོར་འབར་མའི་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ནས་ད་ལྟའི་བར་དུ་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་ཕྱག་ལས་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༢༩

Leave a Reply