རྗེས་དྲན་གོམ་བགྲོད་པ་རྣམས་བཞུགས་སྒར་དྷ་རམ་ས་ལར་འབྱོར།

ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རུ་ནཱ་ཅལ་ནང་ཕེབས་འབྱོར་བྱུང་བའི་བཀའ་དྲིན་རྗེས་དྲན་ཞུ་མཁན་གོམ་བགྲོད་པ་རྣམས་དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལར་འབྱོར་སོང་།དེ་རིང་ཞོགས་པའི་ཆུ་ཚོད་༩:༣༥ སྟེང་། མོན་རྟ་དབང་དགོན་གྱི་མཁན་ཟུར་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཁིར་མེ་(RK Khirmey)་ལགས་རྣམ་གཉིས་ཀྱིས་སྣེ་འཁྲིད་པའི་ཨ་རུ་ནཱ་ཅལ་གྱི་རྗེས་དྲན་གོམ་བགྲོད་པ་བཞུགས་སྒར་དྷ་རམ་ས་ལར་འབྱོར་སོང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གི་དབུས་དྷ་སའི་ས་གནས་མགོ་འཛིན་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས་སོང་།

གསར་འགོད་པས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཁིར་མེ་ལགས་སུ་གོམ་བགྲོད་སྐོར་བཅར་འདྲི་ཞུ་སྐབས། ཕྱི་ལོ་༢༠༡༨་ལོར་མཚོན་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་དུ་ཕེབས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་དང་། ལོ་འདི་རྒྱ་གར་ལ་ཐུགས་རྗེ་ཆེ་ཞེས་པའི་ལོ་ལ་གཏན་འཁེལ་ཡོད་དུས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མས་ལས་འགུལ་དེའི་ཆ་ཤས་མང་པོ་ཞིག་ལ་མཉམ་ཞུགས་གནང་གི་ཡོད་པ་དང་། དེ་དང་མཉམ་དུ་ཁོང་ཚོའི་ངོས་ནས་དུས་ཆེན་འདི་དང་བསྟུན་ཕྱི་ལོ་༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཆིབས་སྒྱུར་གནང་བ་དྲན་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་ཞིག་སྤེལ་རྒྱུ་ཐག་བཅད་པ་ཡིན་ལ། གོམ་བགྲོད་ལས་མགུལ་མགོ་འཛུགས་ས་ཆུ་དྭངས་མོ་ཞེས་པ་དེ་བདམས་དགོས་དོན་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནས་ཆེས་ཐོག་མར་རྒྱ་གར་གྱི་ས་ཆ་ཆུ་དྭངས་མོ་ཞེས་པར་འབྱོར་ཡོད་པ་དང་། ས་གནས་དེ་ནས་རྒྱ་གར་གཞུང་ངོས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལ་འབྱོར་ཡོད་པ་ངོས་བཞེས་གནང་སྟེ།  ཨ་སམ་དྲག་ཆས་དམག་མིས་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་སྲུང་སྐྱོབ་བྱེད་ས་དེ་ཆགས་ཡོད་པ་རེད་ལ། ས་ཆ་དེ་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ལ་སྤྱི་ལེ་༣ ལས་མེད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་མཚོན་ན། ཕྱི་ལོ་༡༩༥༩ ནས་ས་ཆ་དེ་བརྒྱུད་རྒྱ་གར་ལ་འབྱོར་བ་ནས་ཕྱིར་རང་ཡུལ་བོད་དུ་ལོག་ཐུབ་མེད་པས། ༧གོང་ས་རྒྱལ་བ་རིན་པོ་ཆེ་བོད་ནས་རྒྱ་གར་ལ་ཕེབས་པ་རྗེས་དྲན་ཞུ་སླད་ས་ཆ་དེ་ཆེད་དུ་གདམས་པ་ཡིན་སྐོར་གསུངས་སོང་།

དེའི་རྗེས་མོན་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས། ཚང་མས་མཁྱེན་གསལ་ལྟར་རྟ་དབང་གི་ས་ཆ་དེ་རྒྱལ་སྤྱིའི་ས་ཆའི་གནས་བབ་རང་བཞིན་གྱི་ཆ་ནས་གནད་འགག་ཆེ་བའི་ས་ཆ་ཞིག་ཆགས་བསྡད་ཡོད་དུས། ནམ་རྒྱུན་དམ་དྲག་ཆེན་པོ་དང་དེ་འདྲིའི་ལས་འགུལ་འདྲ་མི་འདྲ་སྤེལ་བཅུག་གི་མེད་རེད། ད་ཐེངས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་མགོ་འཁྲིད་འོག་ས་གནས་རྟ་དབང་དང་། འབུམ་སྡེ་ལའི་ནང་ཡོད་བསྡད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འཕགས་བོད་མཛའ་འབྲེལ་ཚོགས་པ་དང་། སློབ་ཕྲུག་ཤེས་ཡོན་རྒྱབ་སྐྱོར་ཚོགས་པ་དང་། བཏང་སྙོམས་ཚོགས་པ། ཉམ་ཐག་ཤེས་ཡོན་རོགས་སྐྱོར་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོས་མགོ་འཁྲིད་དང་ལམ་སྟོན་འོག ཐེངས་འདིའི་གོམ་བགྲོད་དེ་དོན་དང་ལྡན་པ་ཞིག་དང་ཡག་པོ་བྱུང་ཡོད་པ་རེད། ལས་འགུལ་འདིའི་ཐད་རྒྱལ་སྤྱིའི་ཐོག་ཧ་ཅང་ཚད་མཐོ་བོའི་དོ་སྣང་གནང་སོང་བ་དང་། དེ་བཞིན་ས་གནས་ཁག་གི་ལས་བྱེད་པ་དང་ཆབ་སྲིད་མགོ་འཁྲིད་པ་ཚོས་རྒྱ་གར་དབུས་གཞུང་ནས་ལས་འགུལ་དེ་ལ་མཉམ་ཞུགས་གནང་རྒྱུ་མེད་པའི་ལམ་སྟོན་ཡོད་ཀྱང་། མི་མང་རང་ངོས་ནས་དྭང་བླངས་ཀྱིས་རིས་སུ་མ་ཆད་པའི་དགོན་སྡེ་ཁག་དང་བཙུན་དགོན་ཁག་གཙོས་མཉམ་ཞུགས་དང་རྒྱབ་སྐྱོར་ཧ་ཅང་ཚད་མཐོ་བོ་གནང་སོང་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་དངོས་སུ་ཕེབས་པ་དང་ཁྱད་པར་མེད་པ་ལྟ་བུའི་གྲ་སྒྲིག་དང་མི་མང་འདུ་འཛོམས་ཧ་ལས་པ་གནང་སོང་། དེ་བཞིན་གོམ་བགྲོད་པ་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུའི་མཛད་པ་གསུམ་དང་མཛད་རྣམ། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལོ་༡༩༥༩ ལོར་ས་གནས་གང་ནས་ཕེབས་པའི་ཕེབས་ལམ་སོགས་ངོ་སྤྲོད་གནང་བ་ཡིན་ལ། མི་ཐོག་མང་པོ་ཞིག་བརྗེ་བོ་ཐེབས་དེ་མི་རབས་གསར་པ་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གང་དུ་ཕེབས་པ་ལ་སོགས་བརྗེད་འགྲོ་བཞིན་ཡོད་དུས། ཐེངས་འདིའི་ལས་འགུལ་བརྒྱུད་མི་རབས་གསར་པ་ཚོ་གཙོས་མི་མང་ལ་དེ་དག་ངོ་སྤྲོད་ཧ་ཅང་གསལ་བོ་ཞིག་གནང་ཐུབ་ཡོད་སྐོར་གསུངས་སོང་།

ཕྱི་ལོ་༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལྷ་ས་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་ནས་རྒྱ་གར་ནང་ཆིབས་བསྒྱུར་མཛད་དེ་མི་ལོ་ ༦༠ འཁོར་གྱི་ཡོད་པ་དང་། འདི་ལོ་ནི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོ་ཞིག་ཏུ་སྲུང་གཙི་གནང་གཏན་འཁེལ་བ་ལྟར། ཨ་རུ་ནཱ་ཅལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མས་གོ་སྒྲིག་འོག སེར་སྐྱ་མི་གྲངས་ ༤༠ ཙམ་གྱིས་འཕགས་བོད་ས་མཚམས་ཆུ་དྭངས་མོ་ནས་རྗེས་དྲན་གོམ་བགྲོད་དབུ་འཛུགས་གནང་སྟེ། དེ་སྔོན་༧གོང་ས་མཆོག་ཆིབས་བསྒྱུར་མཛད་ཡུལ་རླུང་ལ་དང་རྟ་དབང་། བྱང་སྡེ་རང་། འབུམ་སྡེ་ལ། དེ་བཞིན་སེང་གེ་རྫོང་སོགས་སུ་གོམ་བགྲོད་གནང་ཡོད་པ་མ་ཟད། ས་གནས་སོ་སོར་མང་ཚོགས་རྣམས་ལ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྣམ་ངོ་སྤྲོད་དང་སྐུ་པར་འགྲེམས་སྤེལ། དེ་བཞིན་དགོན་སྡེ་ཁག་ལ་ཆོས་ཕྱོགས་ཀྱི་ལས་དོན་སོགས་སྤེལ་ཏེ། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཨ་སམ་མངའ་སྡེའི་གྲོང་ཁྱེར་ཏེ་ཛི་པུར་དྷེ་རེན(Darrang)མཐོ་རིམ་སློབ་གཉེར་ཁང་དུ་གོམ་བགྲོད་ལེགས་པར་མཇུག་བསྡུས་ཡོད་པ་དང་། ཁ་སང་གོམ་བགྲོད་ལས་འགུལ་བ་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཏེ་ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་དབུས་ས་གནས་སེར་སྐྱ་མི་མང་གིས་ཕེབས་བསུ་སྣེ་ལེན་ཞུས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༣༠

Leave a Reply

One thought on “རྗེས་དྲན་གོམ་བགྲོད་པ་རྣམས་བཞུགས་སྒར་དྷ་རམ་ས་ལར་འབྱོར།

  1. གཞུང་པ་ཚེ་དབང་བསོད་ནམས་།

    ལྷག་བསམ་དཀར་པོའི་རྗེས་དྲན་སྒོམ་བགྲོད་བཀའ་དྲིན་ཆེ་།
    ལྷག་བསམ་བཟང་པོའི་བསྐུལ་བའི་སྒོམ་བགྲོད་བོད་དོན་ཕན་།
    ལྷག་བསམ་དྲི་་མེད་བཅོ་ལྔའི་ཟླ་བ་དགུང་ལ་ཤར་།
    ལྷག་བསམ་དཀར་པོའི་དད་པའི་མདུད་པ་སློད་མི་ཉན་།
    ལྷག་བསམ་ཅན་གྱི་རྟ་དབང་མི་མང་ཐུགས་རྗེ་ཆེ་།