བོད་མི་ཡོངས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུཊ་རྗེ་ཆེ་ཞུ་ཡི་ཡོད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་བསླེབས་ནས་ལོ་ངོ་ ༦༠ འཁོར་གྱི་ཡོད་པ་དང་བསྟུན་བོད་མི་ཡོངས་ནས་རླབས་ཆེ་བའི་རྒྱལ་ཁབ་འདིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞེས་ཞུས།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་བསླེབས་ནས་ལོ་ངོ་ ༦༠ འཁོར་གྱི་ཡོད་པ་དང་བསྟུན། ༧གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་རིག་གཞུང་བློན་ཆེན་མྰ་ཧེ་ཤི་ཤར་མྰ་མཆོག་(Mahesh Sharma)དང་། བྷི་ཇི་པི་སྤྱི་ཁྱབ་དྲུང་ཆེ་རམ་མཱ་དྷེབ་མཆོག (Ram Madhav)། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་དབུས་དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤནཏཱ་ཀུ་མཱར་མཆོག (Shanta Kumar)དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ(RK Khirmey)མཆོག དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མི་སཏྱཱ་བྲཏ་ཅ་ཏཱུར་ཝེད་ (Satyavrat Chaturvedi)མཆོག ཨ་སམ་དྲག་ཆས་དམག་མི་ཟུར་པ་སྐུ་ཞབས་ན་རེན་ཅནྡྲ་དཱསི་ Naren (Chandra Das)ལགས། གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་དང་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་མི་གྲངས་ ༤༠༠༠ ཡས་མས་འཛོམས་འདུག མཛད་སྒོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུར་དངུལ་གྱི་འཁོར་ལོ་ཆེན་པོ་ཞིག་དང་། དྲག་ཆས་དམག་མི་ཟུར་པ་ན་རེན་ཅནྡྲ་དཱསི་ལགས་ལ་འཚམས་འདྲིའི་གསོལ་རས་བཅས་གནང་སོང་བ་དང་། དེ་བཞིན་སྲིད་སྐྱོང་མཆོག་ནས་སྐུ་མགྲོན་རྣམ་པར་ཐུགས་རྗེ་ཆེ་ཞུར་འཁོར་ལོ་རེ་བཅས་གནང་སོང་། གཞན་ཡང་། བ་ཀུ་ལ་རིན་པོ་ཆེ་མཆོག་གི་མཛད་རྣམ་དེབ་ཅིག་དབུ་འབྱེད་དང་། བོད་ཀྱི་ཟློས་གར་ཚོགས་པ་ནས་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུའི་གླུ་གཞས་དང་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན། དེ་བཞིན་ཆོལ་གསུམ་བོད་མིའི་གཞས་སྣ་བཅས་གཟིགས་འབུལ་ཞུས་སོང་།

མཛད་སྒོའི་ཐོག་རྒྱ་གར་བྷི་ཇེ་པི་སྲིད་དོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་རམ་མཱ་དྷེབ་མཆོག་གིས། ང་ཚོས་སྐྱབས་བཅོལ་བའི་མི་ཚེ་དེ་དཀའ་ལས་ཧ་ཅང་ཁག་པོ་ཡོད་པ་ཤེས་ཀྱིན་ཡོད་ལ། འདས་པའི་ལོ་ཟླའི་ནང་རྒྱ་གར་ངོས་ནས་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐྱབས་བཅོལ་བ་མང་པོར་རོགས་རམ་བྱས་ཏེ། ཁོང་ཚོ་རྒྱ་གར་ནང་ཞི་བདེ་དང་བརྩེ་བ། སྡོད་གནས་སོགས་ཐོབ་ཡོད་ཀྱང་། དོན་དངོས་ཐོག་ཐུགས་རྗེ་ཆེ་ཞུ་དགོས་ས་ནི་ ༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡིན་ལ། ༧ཁོང་གི་བཀའ་དྲིན་འོག་ཐོག་མར་ཁྱེད་རང་ཚོ་འདིར་འཁྲིད་ཡོང་ནས་དེ་རིང་ཡང་ཁྱེད་རང་ཚོ་འདིར་གནས་ཐུབ་པ་རེད། མི་ཚེ་ནི་འཐབ་རྩོད་ཅིག་ཡིན་པ་དང་། སྐྱབས་བཅོལ་བར་ངོས་ལེན་བྱེད་པའི་རྒྱལ་ཁབ་ཞིག་ལ་མཚོན་ན། སྐྱབས་བཅོལ་བ་ནི་རྒྱལ་ཁབ་དེའི་མི་མང་གི་ཆེས་མཐའ་མའི་གྲས་ཡིན། འོན་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྣེ་འཁྲིད་འོག་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་བ་རྣམས་དཀའ་ངལ་ཚབས་ཆེན་འཕྲད་པའི་སྐྱབས་བཅོལ་བ་ཆགས་མེད། དེའི་རྒྱུ་མཚན་ནི། ནེ་རོ་མཆོག་གིས་དབུ་ཁྲིད་པའི་རྒྱལ་ཁབ་འདི་ནང་པའི་རྗེས་འབྲང་བ་ཡིན་ལ། རྒྱ་གར་ནང་ཡོང་བའི་མི་སུ་ཞིག་ཡིན་ནའང་དེར་རྒྱབ་སྐྱོར་དང་རོགས་རམ་བྱེད་པ་སོགས་ནི་རྒྱ་གར་མི་མང་གི་ཁྱད་ཆོས་ལེགས་པོ་ཞིག་རེད། དེ་རིང་རྒྱ་གར་ནང་བོད་རིགས་མི་མང་འབུམ་གཅིག་དང་ཁྲི་གཉིས་ལྷག་གིས་སོ་སོའི་སྐད་དང་ཡི་གེ རིག་གཞུང་བཅས་སྲུང་སྐྱོབ་དང་དར་སྤེལ་བྱེད་ཐུབ་ཀྱིན་ཡོད་པས། ཐུགས་རྗེ་ཆེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཞུ་དགོས་ཡོད། ངའི་གྲོགས་པོ་ཚོ། ང་ཚོས་སྐྱབས་བཅོལ་བའི་ཚིག་འདི་ཁྱེད་རང་ཚོར་བེད་སྤྱོད་གཏོང་འདོད་མི་འདུག་ལ། ཁྱེད་རང་ཚོ་སྐྱབས་བཅོལ་བ་ཡང་མ་རེད། འདི་ནི་ཁྱེད་ཚོའི་ནང་རེད། ༧གོང་ས་མཆོག་འཁྲུང་ཡུལ་ན་བོད་རིགས་མི་མང་ས་ཡ་དྲུག་གིས་གྲ་སྒྲིག་བྱས་ཏེ་ཁྱེད་རང་ཚོ་ཕྱིར་ལོག་ཡོང་བ་དང་༧གོང་ས་མཆོག་ལོག་ཕེབས་པར་རེ་སྒུག་བྱས་ནས་བསྡད་ཡོད། ཅེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་གིས། དེ་རིང་ནི་ཕྱི་ལོ་༡༩༥༩ ལོར་རྒྱ་དམར་གཞུང་གིས་དྲག་གནོན་གྱིས་བོད་ས་ཁྱོན་ཡོངས་བཙན་བཟུང་བྱས་པར་བརྟེན། གངས་ལྗོངས་ལུགས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་མི་ཁྲི་ ༨ ཙམ་རང་ཡུལ་དུ་ཞལ་གྱེས་དགོས་བྱུང་སྟེ་ལམ་བར་དཀའ་ཚེགས་ཆེན་པོས་ཉིན་གྲངས་ ༡༤ རྗེས་ཀྱི་ཕྱི་ལོ་༡༩༥༩ ལོའི་ཟླ ༣ ཚེས ༣༠ ཉིན། རྒྱ་གར་ནང་ཞབས་སོར་བདེ་བར་འཁོད་ནས་ད་ཆ་ལོ་ངོ་བཅུ་ཕྲག་དྲུག་ཟིན་པའི་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཁྱད་པར་བ་ཞིག་ཆགས་ཡོད། ཕྱི་ལོ་༡༩༥༩་ལོའི་ཟླ་༤ ཚེས ༡༠ ཉིན་རྒྱ་གར་གྱི་སྲིད་བློན་དམ་པ་པནྜིཏ་ནེ་རོ་མཆོག་གིས་མཛའ་བརྩེ་ཆེན་པོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ང་དང་ལས་རོགས་ཚོས་ཁྱོད་ལ་དགའ་བསུ་ཡོད་ཞུ་རྒྱུ་དང་། སྐུ་ཉིད་རྒྱ་གར་དུ་བདེ་ཕེབས་ཐུབ་པར་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་དང་ཁྱེད་ཀྱི་སྐུ་འཁོར་ཚོ་རྒྱ་གར་དུ་འབྱོར་རྗེས་མཐུན་རྐྱེན་ཅི་དགོས་ང་ཚོས་མཁོ་སྤྲོད་བྱ་རྒྱུ་ཡིན། རྒྱ་གར་གྱི་མི་དམངས་ནས་ཁྱེད་ལ་སྔར་བཞིན་གུས་བཀུར་ཞུ་རྒྱུར་ཐེ་ཚོམ་མེད་ཅེས་རང་རྣམ་དུ་གསལ་བ་བཞིན། གནས་ཡུལ་རྒྱ་གར་གཞུང་མང་ནས་གུས་བཀུར་དང་ཆེ་མཐོང་ཆེན་པོས་༧གོང་ས་མཆོག་སྐུ་འཁོར་དང་བཅས་པར་གཞུང་འབྲེལ་དམིགས་བསལ་མཛད་ནས་ལོ་ངོ་བཅུ་ཕྲག་དྲུག་ལ་ཉེ་ཡི་ཡོད། ཅེས་གསུངས་སོང་།

ཡང་ཁོང་གིས། བོད་མི་བཙན་བྱོལ་བ་ཆགས་ནས་ལོ་ངོ་ ༦༠ ལ་ཉེ་བའི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་རྟེན་གཞི་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་དྷ་རམ་ས་ལར་ཆགས་ཤིང་། དེ་བཞིན་རྒྱ་གར་མངའ་སྡེ་མང་པོའི་ནང་དུ་བོད་མིའི་གཞིས་ཆགས་དང་། སློབ་གྲྭ་ཁག དགོན་སྡེ་ཁག བོད་སྨན་གྱི་སྨན་ཁང་དང་། ཕྱི་ལུགས་སྨན་ཁང་སོགས་ཀྱི་གནས་གཞི་ཆགས་ཤིང་། བོད་མི་རིགས་དང་། བོད་ཀྱི་ཐུན་མིན་ཆོས་དང་། རིག་གཞུང་ཁག་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཆེད་རྒྱ་གར་དབུས་སའི་གཞུང་དང་མི་མང་བཅས་ནས་བོད་མིའི་ཉག་ཕྲ་བའི་དུས་ཚོད་འདིར་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་བོད་མི་རྣམས་ཀྱིས་སེམས་གཏིང་ནས་ངོས་འཛིན་ཞུ་བཞིན་ཡོད་པས་གོ་སྐབས་འདི་བརྒྱུད་རྒྱ་གར་དབུས་སའི་གཞུང་དང་མི་མང་བཅས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། གཞན་ཡང་། འཛམ་གླིང་ཁྱོན་ལ་གནས་པའི་ཞི་བདེ་དང་དྲང་བདེན་ལ་དགའ་བའི་གཞུང་མང་གིས་བོད་ཀྱི་རྩ་དོན་གཙོ་གྱུར་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་དེ་རིང་གི་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ལོ་ངོ་དྲུག་བཅུའི་ཡར་སྔོན་དུ་༧གོང་ས་མཆོག་གི་དབུས་པའི་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་ནང་སྐྱབས་བཅོལ་དུ་སླེབས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་ལོ་ངོ་དྲུག་བཅུའི་རིང་བོད་མིའི་ཆོས་དང་རིག་གཞུང་སོགས་གཏོར་བཤིག་བཏང་ཡོད། ལོ་ངོ་དྲུག་བཅུའི་རིང་རྒྱ་ནག་གཞུང་གིས་རང་སྣང་གང་དྲན་ཐོག་བོད་མི་སྟོང་ཕྲག་མང་པོ་བསད་པ་དང་། བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་ཡོད་པ་མ་ཟད། བོད་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་གནང་བའི་གཙོས་བོད་ཀྱི་བདེན་དོན་ཆེད་རང་སྲོག་བློས་བཏང་ཡོད་པ་རེད། ལོ་ངོ་དྲུག་བཅུའི་རྗེས་ནས་རྒྱ་ནག་གིས་བོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དག་ཞིང་ཞིག་ཏུ་བསྒྱུར་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་ཀྱང་། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། བོད་ལ་འགྲོ་རྒྱུ་ནི་བྱང་ཀོ་རི་ཡ་ལས་ལྷག་གི་དམ་དྲག་འོག་ཡོད་སྐོར་བསྒྲགས་ཡོད་པ་རེད། མི་ཚང་མས་བྱང་ཀོ་རི་ཡའི་གནས་སྟངས་ཧ་གོ་ཡི་ཡོད། འོན་ཀྱང་མི་ག་ཚོད་ཅིག་གིས་བོད་ཀྱི་གནས་སྟངས་མགོ་འཚོས་ཀྱི་ཡོད་དམ། ལོ་ངོ་དྲུག་བཅུའི་རྗེས་སུ་ད་དུང་བོད་མི་ཚོས་རྒྱ་ནག་གི་དྲག་གནོན་ལ་རྒྱ་གར་གཙོས་འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་བྱེད་ཀྱིན་ཡོད། ཅེས་གསུངས་སོང་།

ཡང་རྒྱ་གར་གཞུང་མང་གཉིས་བཀའ་དྲིན་ཆེན་པོ་ཡིན་སྐོར་ཁོང་གིས། འདས་པའི་ལོ་ངོ་དྲུག་བཅུའི་རིང་རྒྱ་ནག་གིས་བོད་ཀྱི་དགོན་པ་ཁག་བརྒྱ་ཆ་ ༩༨ གཏོར་བཤིག་དང་། གྲྭ་བཙུན་བརྒྱ་ཆ་ ༩༩།༩ སྐྱ་སར་ཕབ་ཡོད་ཀྱང་། ༧གོང་ས་མཆོག་གི་དབུ་འཁྲིད་འོག འདས་པའི་ལོ་ངོ་དྲུག་བཅུའི་རིང་རླབས་ཆེ་བའི་རྒྱ་གར་གཞུང་མང་གཉིས་ནས་བོད་མི་ཚོར་ཕེབས་བསུ་དང་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་བརྟེན། ང་ཚོས་རྒྱ་གར་ནང་བོད་ཀྱི་ཆོས་དང་རིག་གཞུང་སླར་གསོ་བྱས་ཏེ་ཧི་མ་ལ་ཡའི་རི་བརྒྱུད་ནང་དཔལ་ལེནྡྲའི་ཆོས་བརྒྱུད་གོང་འཕེལ་དང་ཁྱབ་སྤེལ་སོགས་བྱེད་ཐུབ་པ་བྱུང་ཡོད། འདས་པའི་ལོ་ངོ་དྲུག་བཅུའི་ནང་རྒྱ་གར་གཞུང་གི་བཀའ་དྲིན་འོག་རྒྱ་གར་གྱི་དགེ་རྒན་རྣམ་པ་དང་ལས་བྱེད་རྣམ་པས་བོད་ཀྱི་བྱིས་པ་ཚོར་ནར་སོན་གྱི་སློབ་གསོ་སྤྲད་ནས་དེ་རིང་འདིར་ཞབས་སྟེགས་སྒང་བཞུགས་འདུག་མཁན་ཚང་མ་ཡང་རྒྱ་གར་མཁས་དབང་རྣམ་པའི་སློབ་གསོའི་འོག་འཚར་ལོངས་བྱུང་བ་ཤ་སྟག་ཆགས་ཡོད། ༧གོང་ས་མཆོག་གིས་ཁོང་ནི་འབྲས་ལྡ་ལི་མཆོད་དེ་འཚར་ལོངས་བྱུང་བའི་རྒྱ་གར་གྱི་བུ་ཞིག་ཡིན་ཞེས་གསུང་གི་ཡོད་པ་ལྟར། ང་ཚོ་ཡང་རླབས་ཆེ་བའི་རྒྱལ་ཁབ་འདིའི་ཚ་བོ་ཚ་མོ་ཡིན་ཞུ་རྒྱུ་ཡིན། དེ་རིང་འདིར་སུ་ཡོད་མེད་དང་ལས་རིམ་ཆེ་ཆུང་ག་འདྲ་ཡིན་མིན་མ་ལྟོས་པར་དེ་རིང་ནི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེེ་ཞུ་བའི་ཉིན་མོ་ཡིན་སྟབས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།སྐུ་མགྲོན་གཙོ་བོ་མྰ་ཧེ་ཤི་ཤར་མྰ་མཆོག་གིས། དགེ་རྒན་དང་དགེ་ཕྲུག་བར་དང་། སྤུན་མཆེད་བར། རྒན་གཞོན་བར་ཐུགས་རྗེ་ཆེ་ཞུ་དགོས་པ་ཞིག་ཆགས་ཀྱི་མེད་ལ། སྤྱིར་བཏང་སྐྱབས་བཅོལ་བ་ཞེས་པ་དེ་ཡིད་སྐྱོ་བོ་ཞིག་ཡིན་ཡང་། བཙན་བྱོལ་བོད་མི་རྣམས་རྒྱ་གར་ནང་ཕེབས་པར་དགའ་བསུ་དང་སྦྲགས། རྒྱ་གར་གྱི་མགྲོན་པོ་གལ་ཆེན་ཞིག་དང་ནང་མི་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་དང་། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རྒྱ་གར་དང་བོད་མི་རྣམས་མཉམ་གནས་ཀྱིས་མེ་ཏོག་དང་དྲི་བསུང་ལྟར་ཆགས་ཏེ་ནམ་ཡང་ཁ་འབྲལ་ཁག་པོ་ཆགས་ཡོད་པ་དང་། རྒྱ་གར་གྱིས་བོད་པའི་རིག་གཞུང་སོགས་སྲུང་སྐྱོབ་གནང་གི་ཡོད་པ་དང་། དེར་༧གོང་ས་མཆོག་ནས་མཛད་པ་རྒྱ་ཆེར་བསྐྱངས་གནང་མཛད་ཡོད་སྐོར་སོགས་གསུངས་སོང་།

མཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་གསུང་བཤད་གནང་སྐབས། ངོས་ཀྱི་གཞི་རྩའི་ལྟ་གྲུབ་དེ་ང་རང་ཚོས་ནམ་རྒྱུན་ནས་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད། ཁ་ཙམ་ཚིག་ཙམ་མིན་པར་སེམས་གཏིང་ནས་ང་ཚོ་ཚང་མ་མི་གཅིག་གྱུར་རེད། དེར་བརྟེན་ངོས་ཀྱི་ནམ་རྒྱུན་ཆོས་གྲོགས་ལྷན་རྒྱས་ཞེས་འབོད་བཞིན་ཡོད། བོད་ནས་བྲོས་བྱོལ་དུ་ཡོང་སྐབས་སེམས་ནང་དངངས་སྐྲག་ཡོད། ལྷ་སར་དྲག་གནོན་ཧ་ཅང་བྱས་པའི་གནས་ཚུལ་ཡོད་སྟབས་སེམས་ཞུམ། སེམས་སྐྱོ་ནས་མ་འོངས་པར་གང་འདྲ་བྱེད་ཡོང་བསམས་པའི་བློ་གཡེང་བྱས་ནས་ཡོང་བ་རེད། དེ་ནས་རིམ་བཞིན་རྒྱ་གར་གཞུང་གིས་གཟིགས་སྐྱོང་གནང་རྒྱུའི་འདེང་སྤོབས་ཕྲན་བུ་ཐོབ་སྐབས་སེམས་ནང་སྤོབས་པ་ཞིག་རྙེད་པ་དེ་འདྲ་རེད། དེར་བརྟེན་འདིར་པར་རིས་གཉིས་པོ་དེ་མཐོང་སྐབས་སེམས་ནང་དགའ་སྐྱོ་ཟུང་སྦྲེལ་གྱི་ཚོར་བ་སྐྱེས་བྱུང་། སེམས་ནང་དགའ་སྣང་བསླེབ་པའི་མཚམས་དེར་ལོ་བཞི་བཅུ་ལྔ་བཅུའི་རྗེས་སུ་གང་འདྲ་ཆགས་མིན་བསམ་བློའི་ནང་མེད། ད་ཆ་ང་ཚོ་ལོ་དྲུག་ཅུ་ཕྱིན་པའི་སྐབས་འདིར་དྲན་གསོ་བྱེད་སྐབས་སེམས་ནང་གང་ཙམ་ཚོད་ཐིག་རྒྱུ་ཞིག་ཆགས་འདུག གོང་དུ་གསུངས་པ་ལྟར་ངོས་ཀྱིས་ནམ་རྒྱུན་ཤོད་བཞིན་པ་ལྟར། འཕགས་བོད་གཉིས་དགེ་རྒན་དགེ་ཕྲུག་ནང་བཞིན་རེད། ནམ་རྒྱུན་ཁ་རྒྱུན་ལའང་འཕགས་པའི་ཡུལ། ཞེས་འབོད་བཞིན་ཡོད། ང་ཚོས་རྒྱ་གར་ཁོ་ན་མ་གཏོགས་ཡུལ་གཞན་ལ་འཕགས་པའི་ཡུལ་ཞེས་འབོད་སྲོལ་མེད། ང་ཚོའི་སེམས་ནང་རང་བཞིན་གྱིས་རྒྱ་གར་འཕགས་པའི་ཡུལ་ཞེས་སེམས་གྱི་གཏིང་ནས་དད་མོས་བྱ་རྒྱུ། གུས་བཀུར་བྱ་རྒྱུ། དེ་འདྲའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ཅེས་གསུངས་སོང་།

ཡང་མགོན་པོ་གང་ཉིད་ཀྱིས། ང་རང་ཚོའི་བོད་མི་རིགས་ལ་མཚོན་ནའང་སྙིང་སྟོབས་དང་ལྷག་བསམ་ཧ་ལས་པ་རེད། གཙོ་ཆེར་གཞིས་བཞུགས་རྒྱ་ཆེ་མི་མང་དེ་དག་དཀའ་སྡུག་ཧ་ཅང་མྱངས་ཡོད་ཀྱང་བོད་མི་རིགས་ཀྱི་ལར་ཞེན་དང་། སོ་སོའི་སྐད་ཡིག་དང་རིག་གཞུང་སོགས་ལ་དོ་ཁུར་ཆེན་པོ་བྱས་ནས་མེས་པོ་ཚོའི་སྐུ་དུས་ནས་རུབ་རུབ་བྱས་ནས་བསྡད་ཡོད། དེ་འདྲའི་བསམ་བློའི་ནང་གཅིག་གྱུར་གྱི་འདུ་ཤེས་དེ་རིང་ཁ་སང་ཧ་ཅང་ཤུགས་ཆེན་པོ་ཡོད་པ་དེའང་རྐྱེན་ངན་གྲོགས་སུ་ཤར་བ་ཞིག་རེད། དེ་ཚོ་ང་ཚོས་སྤོབས་པ་བྱེད་འོས་པ་ཞིག་རེད། རྒྱ་གར་གཙོ་བོར་གྱུར་བའི་བཙན་བྱོལ་ནང་གི་བོད་མི་ཚོས་ཀྱང་རང་དོན་རང་གཅེས་ཐོག་ནས་སོ་སོ་རང་ཉིད་བོད་མི་ཞིག་ཡིན་བསམས་པའི་འདུ་ཤེས་དེ་འཛིན་ནས་བོད་མི་རིགས་ཀྱི་དོན་དང་། བོད་མིའི་སྐད་ཡིག་སོགས་ལ་དོ་སྣང་བྱ་རྒྱུ་ཡག་ཐག་ཆོད་འདུག གཙོ་ཆེར་ང་ཚོ་བཙན་བྱོལ་རྒྱ་གར་ནང་ལ་མཚོན་ན་བཙན་བྱོལ་མི་འབོར་མང་ཤོས་ཆགས་ཡོད། ད་བར་ལོ་ངོ་དྲུག་ཅུའི་མཚམས་བར་ཡག་ཐག་ཆོད་རེད། ད་དུང་ཡིན་ནའང་ཚང་མས་ལྷོད་གཡེང་དང་ཉི་མ་གང་འཁྱོལ་བཟོ་འདྲ་མིན་པར་གཟབ་དགོས། ལེགས་པའི་ཆར་བསྟོད་བསྔགས་གཞན་གྱིས་བྱ་རྒྱུ་རེད། ང་ཚོས་རང་གི་ལས་འགན་ལ་མཐུད་ཤོར་གང་ནས་འགྲོ་བཞིན་ཡོད་པ་དང་སྐྱོན་གང་ནས་ཡོང་བཞིན་ཡོད་པ་དེ་དག་ལ་ང་ཚོ་རང་ཉིད་ཀྱིས་འགན་འཁྱེར་ནས་སྐྱོན་བསྲང་བྱ་རྒྱུ་དེ་ང་ཚོའི་འགན་རེད། དེ་རིང་འདིར་གསུང་བཤད་གནང་མཁན་ཚོས་ཁ་ནས་འདྲ་ཆགས་ཆགས་ཙམ་མིན་པར་སེམས་གཏིང་ནས་ཧ་ཅང་ཡག་པོ་གསུངས་བར་ཐུགས་རྗེ་ཆེ། ཞེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༤/༡༠

Leave a Reply

4 thoughts on “བོད་མི་ཡོངས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུཊ་རྗེ་ཆེ་ཞུ་ཡི་ཡོད།

  1. གཞུང་པ་ཚེ་དབང་བསོད་ནམས་།

    རྒྱ་གར་གཞུང་མང་གཉིས་ལ་ང་ཚོའི་ཐུགས་རྗེ་ཆེ་ཞུ་རྒྱུ་དེ་ཆབ་སྲིད་ཀྱི་དགོས་མཁོ་ཞིག་མིན་པ་ནམ་ཞག་རྒྱུན་དུ་ང་ཚོའི་བསམ་བློའི་ནང་བཞག་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།

  2. ལོ་ངོ་དྲུག་ཅུའི་རིང་འདིར་རྒྱ་གར་གྱིས་༧གོང་ས་མཆོག་གཙོས་པའི་བོད་མི་མང་པོ་ཆབ་སྲིད་ཀྱི་ལག་ཆར་བཟུང་སྟེ་ད་དུང་མུ་འཐུད་དུ་འགྲོ་རྒྱུ་དེ་རེད། ཅིའི་ཕྱིར་༧གོང་ས་མཆོག་དང་དཔལ་རྒྱལ་བ་ཀརྨ་པ་རྣམ་གཉིས་ནམ་རྒྱུན་མོན་ཡུལ་དུ་ཆིབས་སྒྱུར་བསྐྱངས་དགོས་པ་རེད། འདི་དག་ཚང་མ་རྒྱལ་གར་གྱི་སྤྲེལ་ལད་དང་ཆབ་སྲིད་གཡོ་ཇུས་རང་རེད། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས། རྒྱ་གར་གྱིས་བོད་མི་བརྙས་བཅོས་དང་མགོ་སྐོར་རྐྱང་བྱས། བཙན་བྱོལ་ནང་གི་ལུག་རྫི་དང་མི་དྲག་སྐྱག་བཟན་དེ་ཚོས་ཕྱི་ཡུལ་ནས་གང་འདོད་གང་སྐྱིད་བྱས་ཏེ་འཚོ་བཞིན་ཡོད། ད་ནི་གྲུབ་འབྲས་གང་ཡང་ཡོང་རྒྱུ་མེད་པ་གསལ་བོར་རེད།

  3. འབྲོང་བུ་སོག་ཚ།

    གཞུང་མང་གཉིས་ཟེར་བ་ཨེ་ཡིན་ན། གཞུང་དམངས་གཉིས་མིན་འགྲོ། བོད་ཡིག་འབྲི་སྐབས་གཟབ་གཟབ་གནང་དགོས་འདུག།

  4. སྲས་སྐུ་ངོ་།

    ད་དུང་ཡིན་ནའང་ཚང་མས་ལྷོད་གཡེང་དང་ཉི་མ་གང་འཁྱོལ་བཟོ་འདྲ་མིན་པར་གཟབ་དགོས། ལེགས་པའི་ཆར་བསྟོད་བསྔགས་གཞན་གྱིས་བྱ་རྒྱུ་རེད། ང་ཚོས་རང་གི་ལས་འགན་ལ་མཐུད་ཤོར་གང་ནས་འགྲོ་བཞིན་ཡོད་པ་དང་སྐྱོན་གང་ནས་ཡོང་བཞིན་ཡོད་པ་དེ་དག་ལ་ང་ཚོ་རང་ཉིད་ཀྱིས་འགན་འཁྱེར་ནས་སྐྱོན་བསྲང་བྱ་རྒྱུ་དེ་ང་ཚོའི་འགན་རེད། དེ་རིང་འདིར་གསུང་བཤད་གནང་མཁན་ཚོས་ཁ་ནས་འདྲ་ཆགས་ཆགས་ཙམ་མིན་པར་སེམས་གཏིང་ནས་ཧ་ཅང་ཡག་པོ་གསུངས་བར་ཐུགས་རྗེ་ཆེ། ཞེས་གསུངས་སོང་།