ཞིང་ཆེན་དཔོན་པོར་ཞིབ་བཤེར་བྱས།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་ཀྱི་རྗེས་སུ་གནས་དབྱུང་བཏང་བའི་སྟག་རྒན་དང་པོ་ཀེའུ་ཀྲུའུ་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཟུར་པ་ཝང་ཞོ་ཀང་གིས་སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་ཀྱི་འདུག

དེ་རིང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ཀེའུ་ཀྲུའུ་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཟུར་པ་ཝང་ཞོ་ཀང་གིས་སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཁོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་ཀྱི་རྗེས་སུ་གནས་དབྱུང་ཞིབ་བཤེར་བྱས་པའི་ཞིང་ཆེན་རིམ་པའི་དཔོན་རིགས་དང་པོ་དེ་ཡིན་འདུག

ཕྱི་ཟླ་ ༣ ཚེས་ ༣༠ ཉིན་ཝང་ཞོ་ཀང་གི་ལོ་རྒྱུས་སྙིང་བསྡུས་ཀེའུ་ཀྲུའུ་ཞིང་ཆེན་གྱི་མགོ་འཁྲིད་མིང་ཐོའི་ནང་ནས་བསུབས་པར་བརྟེན། རྒྱ་ནག་སྐམ་སའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཝང་གནས་དབྱུང་བཏང་ཟིན་པའི་གནས་ཚུལ་སྤེལ་ཡོད་པ་དང་། དེ་མ་ཐག་རྒྱ་ནག་གཞུང་གིས་གནས་ཚུལ་དེ་ནག་གསུབ་བཏང་ཡོད་འདུག ད་ལྟའི་ཆར་རྒྱ་གཞུང་གིས་ཝང་གི་ནག་ཉེས་ཁ་གསལ་ཡོངས་བསྒྲགས་བྱས་མེད་ཀྱང་། ཅང་ཙི་མེན་གྱི་ཕྱོགས་གཏོགས་ནས་ལྐོག་རྔན་ས་ཡ་མང་པོ་བླངས་ཡོད་སྐོར་བརྗོད་ཀྱི་འདུག

ཝང་ཞོ་ཀང་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༨ པའི་ཚུན་ཆད་དུ་ཀེའུ་ཀྲུའུ་ཞིང་ཆེན་གྱི་མཐོ་རིམ་དཔོན་རིགས་གནས་དབྱུས་བཏང་བ་གསུམ་པ་དེ་ཆགས་ཡོད་འདུག ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༠ པར་ཀེའུ་ཀྲུའུ་ཞིང་ཆེན་གྱི་རྒྱུན་ལས་དང་། ཙིན་ཡས་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ལོ་ཧྲོ་ཧྭ་(Liao Shaohua)གནས་དབྱུང་ཞིབ་བཤེར་བྱས་ཡོད་པ་དང་། དེ་ནས་ཟླ་གཅིག་ཙམ་ལས་མ་འགོར་བར་ཝང་ཞོ་ཀང་ལུའུ་ཕན་ཧྲེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེར་བསྐོས། ཕྱི་ལོ་ ༢༠༡༦ ཟླ་ ༤ པའི་ནང་ཀེའུ་ཀྲུའུ་ཞིང་ཆེན་སྲིད་གྲོས་ཀྱི་མགོ་འཁྲིད་གཞོན་པ་ཁུང་ལིན་ཀྲུང་གནས་དབྱུང་བཏང་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༢ ཉན་ཀེའུ་ཀྲུའུ་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཝང་ཞོ་ཀང་དང་ཆིན་རུ་ཕེ། ཙུང་མེན་གསུམ་ལས་གནས་ནས་འཕོ་འགྱུར་བཏང་སྟེ། ཆིན་རུ་ཕེ་ཀང་ཞི་རང་སྐྱོང་ས་ཁུལ་དམར་ཤོག་རྒྱུན་ལས་ནང་ལས་བགོས་བྱས་པ་དང་། ཙུང་མེན་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་མགོ་འཁྲིད་གཞོན་པར་བསྐོས། འོན་ཀྱང་། ཝང་ཞོ་ཀང་གི་ཁ་ཕྱོགས་ངེས་གཏན་མེད་པར་གྱུར་ཡོད་འདུག

ཝང་ཞོ་ཀང་གིས་ད་ལྟ་བར་དུ་ཀེའུ་ཀྲུའུ་ཞིང་ཆེན་ནང་ལས་ཀ་བྱས་ཡོད་པ་དང་། ཁོས་ཀེའུ་ཀྲུའུ་ཞིང་ཆེན་ཀེའུ་ཡང་གྲོང་ཁྱེར་དང་ཙིན་ཡས་གྲོང་ཁྱེར། ལུའུ་ཕན་ཧེ་གྲོང་ཁྱེར་བཅས་ཀྱི་ནང་སྔ་གཞུག་ཏུ་དམར་ཤོག་དྲུང་ཆེ་དང་གྲོང་ཁྱེར་སྤྱི་ཁྱབ་སོགས་ཀྱི་འགན་གནས་འཁུར་ཡོད་འདུག

 

བསྐྱར་བཅོས།: ༢༠༡༨/༠༤/༠༢

Leave a Reply

One thought on “ཞིང་ཆེན་དཔོན་པོར་ཞིབ་བཤེར་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་།

    མི་ལུས་ལེན་ལ་ཁྱི་ལུས་ལེན་།
    ཤི་དམྱལ་བར་འགྲོ་ལ་དཔོན་ལུས་ལེན་།
    མགོན་དཔོན་པོ་བྱེད་གཡོ་ཁྲམས་དགོས་།