གསར་འགྱུར་སྙན་སྒྲོན་པ་ཞིག་གིས་རང་ཤི་བརྒྱབ།

རྒྱ་གར་ལྷོ་ཕྱོགས་ཀྱི་ཊེ་ལེ་གྷོ་བརྙན་འཕྲིན་ཁང་གི་གསར་འགྱུར་སྙན་སྒྲོན་པ་རེ་དྷི་ཁཱ་རི་དྷི་ཞེས་པ་ཞིག་གིས་རང་ཤི་བརྒྱབ་སྟེ་ངའི་ཀླད་པ་ནི་ངའི་དགྲ་བོ་ཡིན་ཞེས་བརྗོད་འདུག

དེ་རིང་རྒྱ་གར་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན།  རྒྱ་གར་ལྷོ་ཕྱོགས་ཧི་དྷིར་པཱ་ཌི(Hyderabad)ནང་ཡོད་པའི་རྒྱ་གར་ཊེ་ལེ་གྷོ་བརྙན་འཕྲིན་(Telugu Television)ཁང་གི་གསར་འགྱུར་སྙན་སྒྲོན་པ་ཝན་ཁན་ནྰ་གྷ་རི་རེ་དྷི་ཁཱ་རི་དྷི་(Venkannagari Radhika Reddy)ཞེས་པའི་བུད་མེད་ཅིག་གིས། མདང་དགོང་རང་ཁྱིམ་གྱི་ཁང་རྩེག་ལྔ་པ་ནས་མཆོངས་ཏེ་རང་ཤི་བརྒྱབ་ཡོད་འདུག

ཉེན་རྟོག་པས་མོའི་ཤུལ་དུ་བཞག་ཡོད་པའི་ཁུག་མ་ནང་ནས་ཡི་གེ་ཞིག་རྙེན་པའི་ནང་། ངས་རང་སྲོག་གཅོད་དགོས་དོན་ནི་སེམས་སྡུག་གིས་ཡིན་ལ། གནད་དོན་དེ་སུ་གང་ལའང་འབྲེལ་བ་ཅི་ཡང་མེད། ངའི་ཀླད་པ་ནི་ངའི་དགྲ་བོ་ཡིན། ཞེས་བརྗོད་ཡོད་འདུག

ས་གནས་ཉེན་རྟོག་པས་བརྗོད་པ་ལྟར་ན། རེ་དྷ་ཁཱ་རི་དྷི་ལས་ཀ་ནས་མཚན་གྱི་ཆུ་ཚོད་༡༠:༤༠ཡས་མས་ཤིག་ལ་ནང་དུ་འབྱོར་ཡོད་པ་དང་། ཁུག་མ་ཁྱིམ་དུ་བཞག་རྗེས་ཁང་རྩེག་ལྔ་པར་ཕྱིན་ཏེ་མཆོངས་ཡོད་པ་དང་། མོའི་མགོ་ས་ལ་བརྡབས་པའི་རྐྱེན་གྱིས་དེ་མ་ཐག་གྲོངས་འདུག ཅེས་བརྗོད་འདུག

མོའི་ཤི་རྐྱེན་དེ་ཧ་ཅང་གློ་བྱུར་བ་ཞིག་ཡིན་སྟབས།  ཉེན་རྟོག་པ་དང་མི་མང་པོས་མོས་རང་སྲོག་བཅད་པ་ཡིན་མིན་དང་། གནད་དོན་གཞན་ཡོད་མེད་ལ་དོགས་པོ་ཆེན་པོ་ཡོད་པ་ལྟར།  ཉེན་རྟོག་པས་གནད་དོན་དེ་དོགས་གཞི་ཅན་གྱི་ཁུངས་སུ་ཐོ་འགོད་ཀྱིས་མུ་མཐུད་རྩད་གཅོད་བྱེད་ཀྱི་ཡོད་འདུག

མོའི་ལས་རོགས་ཤིག་གིས་རེ་དྷི་ཁཱ་རི་དྷི་ཟླ་ངོ་དྲུག་གི་སྔོན་དུ་གཉེན་འཐོར་བྱས་ཏེ།  ད་ལྟ་མོ་ཕ་མ་གཉིས་དང་སྤུན་མཆེད་བུ་མོ་ཞིག་མཉམ་དུ་བསྡད་ཡོད་པ་རེད། དགོང་མོ་དེར་མོས་ཆེས་མཐའ་མཇུག་གི་གསར་འགྱུར་དེ་སེམས་ཚོར་དམིགས་བསལ་ཅི་ཡང་མེད་པར་སྙན་སྒྲོན་ཞུས་སོང་བས། ང་ཚོས་དེ་ལྟ་བུའི་གནད་དོན་ཞིག་འབྱུང་རྒྱུ་ཡིན་པ་མོའི་རྣམ་འགྱུར་ནས་ཧ་གོ་མ་སོང་། མོས་ནམ་རྒྱུན་ཁྱིམ་ཚང་གི་དཀའ་ངལ་སོགས་ལས་རོགས་སུ་གཅིག་ལའང་བཤད་མྱོང་མེད་པ་རེད། ཅེས་བརྗོད་འདུག

རེ་དྷི་ཁཱ་རི་དྷི་ནི་རང་ལོ་༣༦ ཡིན་ཞིང་། མོ་ནི་ཊེ་ལེ་གྷོ་སྐད་ཡིག་སྤྱོད་མཁན་ཚོའི་ཁྲོད་སྐད་གྲགས་ཆེན་པོ་ཡོད་པ་དང་། མོས་གསར་འགྱུར་སྙན་སྒྲོན་བྱས་པ་མ་ཟད། དམིགས་བསལ་ལེ་ཚན་མང་པོ་རྒྱང་སྲིང་ཞུས་ཡོད་འདུག མོ་ལ་རང་ལོ་ ༡༤ ཅན་གྱི་བུ་ཞིག་ཡོད་པ་དེར་ཁེར་རྐྱང་འཁྲུལ་སྣང་གི་ན་ཚ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༠༢

Leave a Reply