སློབ་གསོའི་ཞིབ་འཇུག་ཁྲོད་ཀྱི་བཟང་སྤྱོད་དང་སྙིང་རྗེ།

“སེམས་དང་སྲོག”ཚོགས་ཐེངས་སོ་གསུམ་པའི་ཉིན་བཞི་པའི་ཚན་པ་དང་པོ། 

ཏིན་ཡི་ཧྥུ་དང་ལི་ཅང་ལིན་གྱིས་བརྩམས།
ལོ་མ་རྒྱལ་གྱིས་རྒྱ་ཡིག་ནས་བསྒྱུར།

“སེམས་དང་སྲོག”ཚོགས་ཐེངས་སོ་གསུམ་པའི་ཉིན་བཞི་པའི་བགྲོ་གླེང་གི་བརྗོད་གཞི་ནི། སློབ་གསོའི་ཞིབ་འཇུག་ཁྲོད་ཀྱི་བཟང་སྤྱོད་དང་སྙིང་རྗེ་ཞེས་པ་འདི་རེད། དེ་བས། དེ་རིང་འདི་འདྲའི་དྲི་བ་ཞིག་ལ་ལན་བསྐྱོན་དགོས་ཏེ། དེང་གི་སློབ་གསོའི་ཁྲོད་དུ་ཁེར་གཙང་དང་ཆ་ཚང་རང་བཞིན་གྱི་བཟང་སྤྱོད་སློབ་གསོ་ཞིག་དགོས་སམ་མི་དགོས། རྒྱུ་མཚན་ཅི་ཡིན་ནམ། མ་འོངས་པའི་མི་རབས་ལ་བསྐྱེད་དགོས་པའི་བཟང་སྤྱོད་ནི་ཅི་ཞིག་ཡིན་ནམ།

དེ་རིང་གི་བགྲོ་གླེང་གཙོ་སྐྱོང་བ་ནི། ཌ་ནིལ-གྷོ་ལེ་མན(Daniel Goleman)ལགས་རེད། བགྲོ་གླེང་འགོ་བརྩམས་པ་དང་། ཁོས་ཏཱ་ལའི་བླ་མ་མཆོག་ལ་དྲི་བ་དེ་དག་གི་ཐད་ལ་དགོངས་འཆར་ཞིག་གསུངས་པའི་རེ་སྐུལ་ཞུས་པ་ན། ཏཱ་ལའི་བླ་མ་མཆོག་གིས་འདི་ལྟར་གསུངས། འགྲོ་བ་མིའི་རིགས་ཀྱི་རང་བཞིན་ནི་དགེ་བའི་ངོ་བོ་ན་ཡོད་པ་དང་། ཚན་རིག་པ་མང་པོ་ཞིག་གིས་ཀྱང་དེ་ལྟར་ཡིན་པའི་བདེན་དཔང་ཆེན་པོ་གནང་ཡོད། འོན་ཀྱང་། འཛམ་བུ་གླིང་ལ་ད་དུང་འདི་འདྲའི་དཀའ་ངལ་མང་པོ་ཞིག་ཡོད་དགོས་དོན་ཅི་ཡིན་ནམ། མི་རྣམས་ཀྱིས་འདི་འདྲའི་སྡུག་བསྔལ་ཞིག་མྱངས་དགོས་དོན་ཅི་ཡིན་ནམ། འདི་དག་གི་རྒྱུ་མཚན་ནི། ང་ཚོར་འགྲོ་བ་མི་ཡོངས་གོང་བུ་གཅིག་ཡིན་པའི་འདུ་ཤེས་བྲལ་བ་དང་། གནད་དོན་ཀྱི་ངོ་བ་ལ་ཕྱོགས་ཡོངས་ནས་ལྟ་བཞིན་མེད་པས་རེད། དཀའ་ངལ་མང་པོ་ཞིག་ལ་ཆ་མཚོན་ན། ང་ཚོས་ལྟ་ཕྱོགས་གཞན་ཞིག་གི་སྒོ་ནས་བལྟས་ཚེ། སྤྱི་ཡོངས་དང་དངོས་ཡོད་ཀྱི་གནས་ཚུལ་དེ་ཤེས་ཐུབ་པས། དཀའ་ངལ་དང་སྡུག་བསྔལ་མང་པོ་ཞིག་སེལ་ཐུབ་ཀྱི་ཡོད་ཅིང་། འདི་ནི་ད་གཟོད་ཤེས་རབ་དང་རྣམ་དཔྱོད་ཡིན། ནང་པ་ལྟར་ན། སྡུག་བསྔལ་ནི་མ་རིག་པ་ལས་འབྱུང་གི་ཡོད། ཉིན་རེའི་འཚོ་བའི་ཁྲོད་དུ། ང་ཚོ་སྡུག་བསྔལ་བར་བྱེད་པའི་སེམས་དོག་མོ་དེ་ནི། དངོས་ཡོད་གནས་ཚུལ་མ་ཤེས་པ་ལས་བྱུང་བ་དང་། མ་ཤེས་པར་བརྟེན་ནས་མི་དགེ་བའི་བློ་སེམས་སུ་ཐེར་ཟུག་ཏུ་གནས་ཏེ་དངོས་ཡོད་གནས་ཚུལ་རྟོགས་པའི་བློ་མིག་ལྡོངས་པར་བྱེད་ཀྱི་ཡོད། ཡང་ན། ནང་པས་བརྗོད་པ་ལྟར། བདག་འཛིན་གྱི་དབང་གིས་སྡུག་བསྔལ་འབྱུང་གི་ཡོད།

ཏཱ་ལའི་བླ་མ་མཆོག་གིས་གནའ་བོའི་རྒྱ་གར་གྱི་ནང་པའི་སློབ་དཔོན་ཞིག་གི་གསུང་ཞིག་བསྐྱར་དུ་གླེང་། དེ་ཡང་། རྒྱལ་སྲས་ཞི་བ་ལྷས། འཇིག་རྟེན་བདེ་བ་ཇི་སྙེད་པ།། དེ་ཀུན་གཞན་བདེ་འདོད་ལས་བྱུང་།། འཇིག་རྟེན་སྡུག་བསྔལ་ཇི་སྙིད་པ།། དེ་ཀུན་རང་བདེ་འདོད་ལས་བྱུང་།། ཞེས་གསུངས་ཡོད་ཅིང་། ང་ཚོ་འགྲོ་བ་མི་རྣམས་ནི་སྤྱི་ཚོགས་རང་བཞིན་ཅན་གྱི་སེམས་ཅན་ཞིག་ཡིན་པས། ངེས་པར་དུ་གཞན་གྱི་བརྩེ་བར་བརྟེན་ནས་འཚོ་དགོས་ཤིང་། འདི་ནི་མིའི་རིགས་ཀྱི་རང་བཞིན་ཞིག་རེད། གལ་ཏེ། ང་ཚོས་གནའ་བོའི་རྒྱ་གར་གྱི་ནང་པའི་སློབ་དཔོན་ཚོའི་གསུང་རྣམས་ཉམས་སུ་བླངས་ཏེ། གཞན་ལ་འཚེ་བའང་མ་བྱེད། རང་གཅེས་འཛིན་གྱི་ཐད་ལ་ཐེར་ཟུག་ཏུའང་མ་གནས་ཚེ། སྡུག་བསྔལ་གྱི་ཁྲོད་དུ་ལྷུང་རྒྱུ་མ་རེད།

ཏཱ་ལའི་བླ་མ་མཆོག་གིས་གསུང་རྒྱུར། དེང་སང་འཛམ་བུ་གླིང་གི་ཁོར་ཡུག་གི་གནད་དོན་དེ་ཧ་ཅང་ཉེན་ཚབས་ཆེ་ཞིང་། ཐོན་ཁུངས་ཀྱང་ཚོད་ཡོད་དུ་གྱུར་ཡོད། ང་ཚོ་འཛམ་བུ་གླིང་འདི་ནས་མུ་མཐུད་ནས་གནས་དགོས་ཀྱི་ཡོད་སྟབས། ཕན་ཚུན་མཉམ་གནས་དང་མཉམ་འབྲེལ་བྱེད་དགོས། ང་ཚོ་ངེས་པར་དུ་མུ་མཐུད་ནས་མཉམ་གནས་བྱེད་དགོས་ཀྱི་ཡོད་ན། ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་ནས་ལྷན་དུ་གནས་ན་ལེགས། བསམ་ཚུལ་དང་ལྟ་ཚུལ་མི་མཐུན་པའི་དཀའ་ངལ་བྱུང་སྐབས། གྲོས་མོལ་གྱི་ལམ་ཁོ་ནར་བརྟེན་ནས་དཀའ་ངལ་དེ་སེལ་དགོས། དུས་རབས་ཉེར་གཅིག་ནི་གྲོས་མོལ་གྱི་དུས་རབས་ཤིག་རེད། མི་སྒེར་དང་། ཁྱིམ་ཚང་། ཚོགས་སྡེ། འགྲོ་བ་མིའི་བྱིངས་གང་ཞིག་ཡིན་ཡང་། བདེ་སྐྱིད་ནི་སེམས་བཟང་པོ་ལས་བྱུང་བ་ཞིག་ཡིན།

ཏཱ་ལའི་བླ་མ་མཆོག་གིས་བོད་རྒྱུད་ནང་བསྟན་ཁྲོད་ཀྱི་རྡོ་རྗེ་ཐེག་པའི་གཞུང་དུ་ཡོད་པའི་སྲུང་མ་ཁྲོ་བོ་ཅན་གྱི་སྐོར་གླེང་། སྲུང་མ་ཁྲོ་བོ་ཅན་དེ་རྣམས་ནི་གནའ་བོའི་རྒྱ་གར་གྱི་ནང་པའི་གཞུང་དུ་མེད་པ་དང་། ཕྱིིས་སུ་བསྣན་པ་ཞིག་རེད། དེ་ཡིས་མི་གཞན་ལའང་དེ་ལྟར་ཁྲོ་བའི་སྒོ་ནས་འབྲེལ་འདྲིས་བྱེད་དགོས་པའི་དོན་ནི་སྟོན་གྱི་མེད། ཚད་མེད་པའི་སྙིང་སྙིང་རྗེ་ནི། ནང་པའི་ཆོས་ཀྱི་བླ་ན་མེད་པའི་ཆ་ཞིག་ཡིན་ཞིང་། མི་གཞན་རྣམས་སྡུག་བསྔལ་གྱིས་མནར་སྐབས། ཁོ་ཚོ་ནི་སྙིང་རྗེའི་ཡུལ་ཡིན། ནང་པའི་ཆོས་ཀྱི་ཡང་སྙིང་དེ། དངོས་ཡོད་གནས་ཚུལ་ཤེས་པའི་ཤེས་རབ་ཀྱི་རྨང་གཞི་ལྡན་པའི་ཐོག་ལ། སྙིང་རྗེའི་བསམ་བློ་ལྡན་པ་དེ་ཡིན་པར་གསུངས་ཤིང་། ཡང་ན། ནང་པས་རྗེས་འབྲངས་པ་ཚོས་ནམ་རྒྱུན་བརྗོད་ཀྱི་ཡོད་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དང་། བྱང་ཆུབ་ཀྱི་སེམས་ཞེས་པ་དེ་གཉིས་ཡིན། དེེར་བརྟེན། ཏཱ་ལའི་བླ་མ་མཆོག་གིས་འདི་ལྟར་གསུངས། ལྟོས་བཅོས་སྨྲ་བ་དང་ཚད་རྡུལ་དངོས་ཁམས་རིག་པར་སློབ་སྦྱོང་གནང་ན། བྱ་དངོས་ཐམས་ཅད་ཀྱི་ངོ་བོ་རྟོགས་པར་ཕན་ཐོགས་པར་མ་ཟད། སྟོང་ཉིད་རྟོགས་པའི་ཤེས་རབ་ལའང་ཕན་ཐོགས་ཆེ་ཞིང་། རང་ཉིད་ཀྱི་རང་བཞིན་མཐོང་བར་ཡང་ཕན་པ་དང་། ཕྱིའི་སྣང་ཚུལ་ཁོ་ནར་ཡང་མི་དམིགས་པར་བྱེད། དེར་བརྟེན། དེ་ནི་སྙིང་རྗེའི་བློ་དེར་ཡང་ཕན་གྱི་ཡོད།

དེ་རིང་གི་ཞབས་བཀྱག་ཚ་བོའི་ཐོག་ཏུ་སྡོད་མཁན་དང་པོ་ནི། རོ་བྷེར་ཊི-རོར་སེར(Robert W. Roeser)ལགས་རེད། ཁོ་ནི་པེན་སེ་ཝ་ནེ་མངའ་སྡེ་སློབ་ཆེན(Pennsylvania State University)གྱི་དགེ་རྒན་ཆེན་མོ་ཞིག་རེད། ཁོ་རང་གིས་བྱིས་པ་དང་ན་གཞོན་འཚར་ལོངས་བྱུང་པའི་བརྒྱུད་རིམ་ཁྲོད་ཀྱི་སྐྱེ་དངོས་རིག་པ་དང་། སྤྱི་ཚོགས་རིག་གནས། ལོ་རྒྱུས་བཅས་ཀྱི་རྒྱུ་རྐྱེན་སྐོར་དང་། རྒྱུ་རྐྱེན་དེ་དག་ཕན་ཚུན་ལ་ཤུགས་རྐྱེན་དང་ནུས་པ་ཅི་ཞིག་ཐོན་གྱི་ཡོད་པའི་སྐོར་ལ་ཞིབ་འཇུག་གནང་འདུག

ཁོས་བྱིས་པའི་སློབ་གསོ་ཞིབ་འཇུག་གིས་འདི་འདྲའི་དྲི་བ་ཞིག་ལ་དཔྱད་ཞིབ་དང་ལན་འདེབས་གནང་དགོས་པར་བཤད། དེ་ཡང་། བྱིས་པར་ནམ་ཞིག་ཏུ་དྲང་བདེན་གྱི་བློ་སྐྱེས་སམ། བྱིས་པའི་བཟང་སྤྱོད་ཀྱི་ཚད་གཞི་གང་ཞིག་ནས་བྱུང་ངམ།

བྱིས་པའི་སློབ་གསོའི་ཞིབ་འཇུག་ལྟར་ན། བྱིས་པའི་བཟང་སྤྱོད་ཀྱི་བློ་དེ་ནི། ཐོག་མར་སྐྱེ་དངོས་རིམ་པའི་ཐོག་ནས་འགོ་ཚུགས་ཤིང་། དེ་ནས་མཐའ་མར་རིག་གནས་ཀྱི་རིམ་པའི་ཕྱོགས་སུ་གྲུབ་ཀྱི་ཡོད་པར་བརྗོད་ཅིང་། ད་དུང་། ཞིབ་འཇུག་བྱས་པའི་གྲུབ་དོན་ལྟར་ན། མི་ལ་སྐྱེས་དུས་ནས་བཟུང་སྙིང་རྗེའི་ས་བོན་ཡོད་པ་དང་། དེ་ཡང་། བྱིས་པ་མི་གཞན་དང་འགྲོགས་ཏེ་ངུ་བ་དང་། གཞན་དང་ལྷན་དུ་མཉམ་སྤྱོད་ཀྱི་ལས་བྱེད་ཀྱི་ཡོད་སྟབས། སྐྱེ་དངོས་རིག་པའི་ཆ་ནས་བཤད་ན། བྱིས་པར་གཞན་ལ་མཉམ་སྤྱོད་བྱེད་པའི་ནུས་པ་དང་སྤྱོད་པ་ལྡན་པར་བཤད།

དགེ་རྒན་ཆེན་མོ་རོ་བྷེར་ཊི-རོར་སེར་གྱིས་བརྙན་ཐུང་ཞིག་བསྟན། དེ་རུ་ཟླ་བ་ལྔར་སོན་པའི་བྱིས་པ་ཞིག་གིས་རྩེད་ཆས་ཁྱིའུ་ཕྲུག་གཉིས་ཀྱི་འཁྲབ་སྟོན་ཞིག་ལ་ལྟ་བཞིན་འདུག ཁྱིའུ་ཕྲུག་གཅིག་གིས་གཞན་ལ་རོགས་བྱེད་ཀྱིན་འདུག་ཅིང་། ཁྱེའུ་ཕྲུག་གཅིག་གིས་གཞན་ལ་གནོད་བྱེད་ཀྱིན་འདུག དེ་ནས། རྩེད་ཆས་ཁྱེའུ་ཕྲུག་དེ་གཉིས་ཁྱེར་ཡོང་སྟེ། བྱིས་པ་དེར་དེ་གཉིས་ལས་གང་ཞིག་དགོས་སམ་ཞེས་གདམ་དུ་འཇུག་སྐབས། བྱིས་པས་གཞན་ལ་རོགས་བྱེད་པའི་རྩེད་ཆས་ཁྱེའུ་ཕྲུག་དེ་བདམས། ཏཱ་ལའི་བླ་མས་དེ་མ་ཐག་འདི་ལྟར་དྲིས། དེ་ནི་སྟེས་དབང་ཞིག་མིན་ནམ། ལོ་གསུམ་ནས་ལྔར་སོན་པའི་བྱིས་པ་མང་པོ་ཞིག་ལ་དེ་ལྟར་ཚོད་ལྟ་གནང་རྗེས། བྱིས་པ་བརྒྱ་ཆའི་གྱ་ལྔས་གཞན་ལ་རོགས་བྱེད་པའི་ཁྱིའུ་ཕྲུག་དེ་བདམས་ཡོད་འདུག

བྱིས་པས་ཟ་མ་འདེམ་སྐབས་ཀྱང་མི་བཟང་པོ་ལྟ་བུའི་ཟས་རིགས་འདེམ་གྱི་ཡོད་འདུག ཏཱ་ལའི་བླ་མ་མཆོག་གིས་འདི་ལྟར་དྲིས། འདི་འདྲའི་འདེམ་ཀ་དེ་སྐད་ཆའི་ཐོག་ནས་བྱིས་པས་ནམ་ཞིག་ཏུ་བྱེད་ཐུབ་ཀྱི་ཡོད་དམ། ལན་ནི། ཟླ་བ་བཅོ་བརྒྱད་ཀྱི་ཐོག་ནས་གནང་ཐུབ་ཀྱི་འདུག

མ་ཡིག་འབྲེལ་ཐགhttp://xizang-zhiye.org/2018/03/%E7%AC%AC33%E5%B1%8A%E5%BF%83%E6%99%BA%E4%B8%8E%E7%
94%9F%E5%91%BD%E5%AF%B9%E8%AF%9D%E4%BC%9A%E7%AC%AC%E5%9B%9B%E5%A4%
A9-%E6%95%99%E8%82%B2%E7%A0%94%E7%A9%B6%E4%B8%AD%E7%9A%84%E4%BC%A6/

བོད་འགྱུར། 

བགྲོ་གླེང་ཉིན་དང་པོ། http://tibettimes.net/2018/03/17/167874/
ཉིན་གཉིས་པའི་ཚན་པ་དང་པོ། http://tibettimes.net/2018/03/22/167987
ཉིན་གཉིས་པའི་ཚན་པ་གཉིས་པ། http://tibettimes.net/2018/03/23/168018/
ཉིན་གསུམ་པའི་ཚན་པ་དང་པོ། http://tibettimes.net/2018/03/28/168129/
ཉིན་གསུམ་པའི་ཚན་པ་གཉིས་པ། http://tibettimes.net/2018/03/30/168209/

བསྐྱར་བཅོས།: ༢༠༡༨/༠༤/༠༤

Leave a Reply