དབུས་ཡུ་ཊོབ་ལས་ཁུངས་སུ་མེ་མདའི་དོན་རྐྱེན་བྱུང་།

ཨ་རིའི་ཡུ་ཊོབ་དབུས་ལས་ཁུངས་ནང་གློ་བུར་དུ་བུད་མེད་ཅིག་གིས་མེ་འདས་བརྒྱབ་སྟེ་མི་གསུམ་ལ་རྨས་སྐྱོན་བཟོས་རྗེས་རང་ཤི་བརྒྱབ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༣ ཉིན་གྱི་སྔ་དྲོར། ཨ་རིའི་བྱང་བརྒྱུད་མངའ་སྡེ་ཁྰ་ལེ་ཧྥོལ་ནེ་ཡའི་སན་བྷརོ་ནོ་(San Bruno)རུ་ཡོད་པའི་དྲ་བརྙན་བརྒྱུད་སྤེལ་ཚོང་གཉེར་ཁང་(YouTube)དབུས་ལས་ཁུངས་སུ། གློ་བུར་དུ་བུད་མེད་ཅིག་གིས་མེ་མདས་བརྒྱབ་སྟེ་མི་  ༣ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། དེ་ནས་མོ་རང་གི་མགོ་ལ་མེ་མདས་བརྒྱབ་སྟེ་བསད་ཡོད་འདུག

སན་བྷརོ་ནོ་ས་གནས་ཉེན་རྟོག་དཔོན་བྷར་བྷིར་ནེ(Ed Barberini)ཡིས། གསང་བའི་བརྙན་ལེན་པར་འཕྲུལ་ནས་མཐོང་བ་ལྟར་ན། བུད་མེད་དེས་དབུས་ལས་ཁུངས་ནང་དུ་མེ་མདའི་དོན་རྐྱེན་བཟོས་རྗེས། མོ་རང་གི་མགོ་ལ་མེ་མདའ་གཏད་དེ་རང་ཤི་བརྒྱབ་ཡོད་པ་དང་། ད་ལྟའི་ཆར་བུད་མེད་དེས་དོན་རྐྱེན་བསླངས་བའི་རྒྱུ་རྐྱེན་གསལ་པོ་མེད་སྟབས། མུ་མཐུད་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཡུལ་དངོས་སུ་ཡོད་པའི་མི་ཞིག་གིས། བུད་མེད་དེས་རང་གི་དགའ་རོགས་ལ་མེ་མདས་བརྒྱབ་རྗེས་མོ་རང་ལ་མེ་མདས་བརྒྱབ་སོང་ཞེས་བརྗོད་ཡོད་པ་དང་། རྨས་སྐྱོན་ཕོག་པའི་སྐྱེས་པ་དེ་རང་ལོ་ ༣༦ ཡིན་པ་དང་། དེ་ནས་རང་ལོ་ ༣༢ དང་ ༢༧ ཡིན་པའི་བུད་མེད་གཉིས་ལའང་མེ་མདས་བརྒྱབ་སྟེ་རྨས་སྐྱོན་བཟོས་ཡོད་པས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། སྐྱེས་པ་དེའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་འདུག

ཡུ་ཊོབ་སྤྱི་ཁྱབ་ལྟ་སྐུལ་བ་ཊོ་ཌི་ཤར་མེན(Todd Sherman)ལགས་ཀྱིས། སྒེར་གྱི་སྤྱི་ཚོགས་དྲ་རྒྱའི་ངོས་སུ་ང་ཚོ་ཚོགས་འདུ་ཚོགས་བསྡད་ཡོད་པ་དང་། གློ་བུར་དུ་མི་ཚོགས་ཀྱིས་སྐད་བརྒྱབ་པ་གོ་བྱུང་། ང་དང་ངའི་རོགས་པ་གཞན་ཚོ་སྒོར་འབུད་སའི་ཕྱོགས་སུ་རྒྱུག་པ་དང་། ཞ་ལ་དང་སྐེས་འཛེགས་སྟེང་དུ་ཁྲག་བཞུར་ཡོད་པ་མཐོང་སོང་།  ཞེས་བྲིས་འདུག

དེ་རིང་ཨ་རིའི་སྲིད་འཛིན་ཊོམ་ཕུས་སྒེར་གྱི་སྤྱི་ཚོགས་དྲ་རྒྱ་ཊེ་ཊིར་སྟེང་དུ། ང་ཚོས་ཡུ་ཊོབ་དབུས་ལས་ཁུངས་ནང་མེ་མདས་བརྒྱབ་པའི་གནས་ཚུལ་ཤེས་རྟོགས་བྱུང་། གནོད་འཚེ་ཕོག་མཁན་ཡོངས་ང་ཚོས་དོ་འཁུར་དང་གསོལ་འདེབས་་བྱེད་ཀྱི་ཡོད། གནད་དོན་འདི་ལ་དེ་མ་ཐག་འགན་འཁུར་མཁན་གྱི་ཉེན་རྟོག་པ་ཚོར་ཐུགས་རྗེ་ཆེ། ཞེས་བྲིས་འདུག

མེ་མདས་རྒྱག་མཁན་བུད་མེད་དེའི་མིང་ལ་ནཱ་སེམ་ཨག་ཌམ་(Nasim Aghdam)ཟེར་གྱི་ཡོད་པ་དང་། མོས་མོ་རང་ནི་དུད་འགྲོའི་རང་དབང་སྲུང་སྐྱོབ་ཀྱི་ལས་འགུལ་བ་ཞིག་དང་། དཀར་ཟས་རྟེན་པའི་གཟུགས་བཟང་མ་ཞིག་ཡིན་སྐོར་སོགས་བརྗོད་པ་དང་། ཡུ་ཊོབ་ནང་མོ་རང་གི་བརྙན་ཐུང་འདྲ་མིན་སྤེལ་བ་དག་ལ་ལྟ་མཁན་ ༥༠༠༠ ཡས་མས་ཡོད་འདུག

ཡུ་ཊོབ་ནི་ཕྱི་ལོ་༢༠༠༥ ལོར་ཆྰ་ཌི་ཧྰར་ལེ་(Chad Hurley)དང་སི་ཊེབ་ཆྰན(Steve Chen)། ཇྰ་ཝེ་ཌི་ཁྰ་རེམ( Jawed Karim)བཅས་ཀྱིས་གསར་འཛུགས་གནང་ཡོད་པ་དང་། ཕྱི་ལོ་༢༠༠༦ ལོ་ནས་དྲ་བརྙན་དེ་འཛམ་གླིང་གི་དྲ་རྒྱ་ཆེས་བེད་སྤྱོད་མཁན་མང་ཤོས་དང་ཚོང་རྒྱུག་མཁན་ཆེས་ཆེ་ཤོས་ཆགས་ཡོད་པ་རེད། ཡུ་ཊོབ་དྲ་བརྙན་ནང་ཉིན་རེར་རིགས་མི་འདྲ་བའི་བརྙན་༦༥༠༠༠ལྷག་སྤེལ་གྱི་ཡོད་པ་དང་། ལྟ་བཤེར་མཁན་ས་ཡ་༡༠༠ལྷག་བྱུང་གི་ཡོད་འདུག  ཕྱི་ལོ་༢༠༠༦ ལོའི་ཟླ་༡༠ པའི་ཚེས་༩ ཉིན་ནས་དྲ་བརྙན་དེ་གྷོ་གྷུལ་(Google)འཚོལ་བཤེར་དྲ་བས་ཨ་སྒོར་དུང་ཕྱུར་༡.༦༥ སྤྲད་ནས་ཉོས་ཡོད་དང་། གྷོ་གྷུལ་འཚོལ་བཤེར་དྲ་རྒྱའི་གལ་གནད་ཆེས་ཆེ་བའི་དྲ་རྒྱ་ཨང་གཉིས་པ་ཆགས་ཏེ། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་༨༩ ནང་ཁྱབ་སྤེལ་བྱུང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༠༤

Leave a Reply