ཨ་རིའི་གྲོས་ཚོགས་འཐུས་མི་བཞུགས་སྒར་དུ་ཕེབས།

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ་མུ་མཐུད་ཨ་རིའི་གྲོས་ཚོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་ཐབས་སུ་ཤུགས་བསྐྱོན་རྒྱུ་ཡིན་སྐོར་གསུངས་སོང་།ཁ་སང་ཕྱི་དྲོའི་ཆུ་ཚོད་ ༤།༣༠ ཙམ་གྱི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་དུ། ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ལི་ཡ་ན་རོ་སི་ལི་ཊི་ནེན་(Ileana Ros-Lehtinen)མཆོག་དང་། ལྕམ་སྐུ་ཁུ་ལའི་ཌི་ཡ་ཊན་ནེ་(Claudia Tenney) མཆོག་རྣམ་གཉིས་ཀྱིས་དབུ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ལ་སྣེ་ལེན་ཕེབས་བསུའི་མཛད་སྒོ་ཞིག་ཚོགས་སོང་བ་དང་། ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་དབུས་སྲི་ཞུ་ལས་བྱེད། དྷ་ས་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། བོད་ཀྱི་སྨན་རྩིས་ཁང་གི་སློབ་ཕྲུག་བཅས་མི་གྲངས་ ༣༠༠ ཡས་མས་འཛོམས་འདུག

ཕེབས་བསུའི་མཛད་སྒོའི་ཐོག་མར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཕེབས་བསུའི་གསུང་བཤད་གནང་སྐབས།  ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ད་བར་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱིས་རྒྱབ་སྐྱོར་གནང་མུས་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར་གསུངས་བ་དང་འབྲེལ། བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་དང་དམིགས་བསལ་ད་ལྟའི་ཆར་བཙན་བྱོལ་ནང་དམངས་གཙོའི་ཆ་ཤས་ལེན་མཁན་སྔར་ལྷག་བརྒྱ་ཆ་ ༧༠ ཙམ་དུ་འཕར་ཡོད་པ་མ་ཟད། དམངས་གཙོའི་འགྲོ་ལུགས་དེ་ཡང་ཨ་རི་ནང་བཞིན་རིན་མེད་མ་ཡིན་པར་དཔྱ་ཁྲལ་ཕུལ་ནས་ཆ་ཤས་ལེན་གྱི་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ཕྱག་ལས་གནང་ཕྱོགས་གཙོས་རྩིས་ཞིབ་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཁྲ་ཞིབ་ཚགས་ཡོད་པ་དང་།  དངུལ་དང་འབྲེལ་བའི་ལས་དོན་ཚང་མ་དྲང་པོ་དྲང་བཞག་དང་ཕྱི་གསལ་ནང་གསལ་ཡོད་སྟབས།  བོད་མིའི་སྒྲིག་འཛུགས་ནང་ལྐོག་ཟ་རུལ་སུངས་རྩ་བ་ཉིད་ནས་མེད་པར་སྤོབས་པ་སྐྱེས་འོས་པ་ཞིག་ཡིན་སྐོར་སོགས་གསུངས་སོང་།

དེ་ནས་ལྕམ་སྐུ་ཨེ་ལི་ཡ་ན་རོ་སི་ལི་ཊི་ནེན་མཆོག་ནས། ཨ་རིའི་གྲོས་ཚོགས་ཀྱིས་བོད་ཀྱི་གནད་དོན་ཐོག་རྒྱུས་མངའ་ཧ་ཅང་ཡོད་པར་བརྟེན་མུ་མཐུད་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཚོགས་སྡེ་ཁག་དང་ལྷན་དུ་མཉམ་ལས་བྱས་ཏེ། ཨ་རིའི་གྲོས་ཚོགས་ནང་བོད་དང་བོད་མིའི་ཆེད་བཟང་ཕྱོགས་ཀྱི་སྲིད་ཇུས་གཏན་འབེབས་ཡོང་ཐབས་བྱེད་བཞིན་ཡོད་སྐོར་དང་། མོ་རང་གི་སྐྱེས་ཡུལ་ཨ་རིའི་ལྷོ་རྒྱུད་ཀྱི་རྒྱལ་ཁབ་ཁུ་ཡོ་བྷ་ཡིན་པ་དང་། རྒྱལ་ཁབ་དེའི་དམར་ཤོག་ཚོགས་པའི་དྲག་གནོན་འོག མོ་རང་ལོ་ན་ཆུང་དུས་ནས་ནང་མི་དང་ལྷན་དུ་ཨ་རིར་བྲོས་ནས་ཡོང་ཡོད་པ་རེད།  དེར་བརྟེན།  བོད་མི་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་དྲག་གནོན་འོག་དཀའ་སྡུག་ཇི་ཙམ་མྱོང་གི་ཡོད་པ་གཅིག་མཚུངས་སུ་མོས་ཡང་སྔར་མྱངས་ཡོད་སྟབས། མོས་རྒྱ་ནག་ལྟ་བུའི་གདུག་རྩུབ་ཅན་གྱི་སྲིད་གཞུང་དེ་དག་ལ་མུ་མཐུད་ཁ་གཏད་གཅོག་རྒྱུ་ཡིན་སྐོར་གསུངས་སོང་།

ཡང་ལྕམ་སྐུ་མཆོག་ནས་རྒྱ་ནག་གཞུང་གིས་བོད་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཐད།  རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གཙོས་ཆོས་དང་རིག་གཞུང་གཏོར་བཤིག་བཏང་སྟེ་དམ་དྲག་བྱེད་ཀྱིན་ཡོད་པར་ངོས་ལེན་རྩ་བ་ནས་མེད་པ་མ་ཟད།  རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་ཐེ་གཏོགས་ཀྱིས་སྤྲུལ་སྐུའི་ལམ་ལུགས་ལ་འགྱུར་བ་བཏང་སྟེ། དམིགས་བསལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་ཡང་སྲིད་ལ་ཐེ་གཏོགས་བྱེད་ཀྱིན་ཡོད་པའི་བྱ་སྤྱོད་དེ་དག་བསམ་ཡུལ་ལས་འདས་པ་ཞིག་དང་། དེ་ནི་བོད་མིའི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོ་གཞི་ཞིག་ཡིན་སྐོར་སོགས་གསུངས་སོང་།

དེའི་རྗེས་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཁུ་ལའི་ཌི་ཡ་ཊན་ནེ་མཆོག་གིས། བོད་མིའི་དཔའ་ངར་ལྡན་ཞིང་འཚེ་མེད་ཞི་བའི་འཐབ་རྩོད་ལ་ཡིད་སྨོན་སྐྱེས་པ་མ་ཟད། མི་རབས་གསར་པ་ཚོས་ཀྱང་སྙིང་སྟོབས་ཞུམ་པ་མེད་པར་འཐབ་རྩོད་རྒྱུན་སྐྱོང་གནང་སྟེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ། རང་དབང་སོགས་ཐོབ་ཐབས་སུ་འབད་བརྩོན་དགོས་སྐོར་དང་། མོ་རང་ངོས་ནས་རང་ནུས་གང་ཡོད་ཀྱིས་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་དེ་ཕྱི་ཚེས་ ༤ ནས་ ༧ བར་ཉིན་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། དེ་བཞིན་རིག་གཞུང་སྡེ་ཚན་ཁག་ཏུ་གཟིགས་སྐོར་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༤/༠༥

Leave a Reply