ཨ་མའི་ཕུང་པོ་འཁྱག་སྒམ་ནང་བཅུག

རྒྱ་གར་ཀོལ་ཀ་ཏ་ནས་ཡིན་པའི་ཀོ་ལས་བཟོ་སྐྲུན་པ་ཞིག་གིས་རང་གི་ཨ་མའི་ཕུང་པོ་འཁྱག་སྒམ་ནང་བཅུག་སྟེ་ལོ་ངོ་གསུམ་ཕྱིན་རྗེས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

རྒྱ་གར་ནུབ་ཕྱོགས་ཀོལ་ཀ་ཏ་ནས་ཡིན་པའི་རྒྱ་གར་ཀོ་ལས་བཟོ་སྐྲུན་པ་མིང་ལ་སོ་བྷ་ར་ཐི་མཱ་ཇོམ་ཌར་(Subhabrata Majumdar)ཞེས་པ་ཞིག་གིས། རང་གི་ཨ་མའི་ཕུང་པོ་འཁྱག་སྒམ་ཆེན་པོ་ཞིག་གི་ནང་དུ་བཅུག་ཡོད་པའི་གནས་ཚུལ་མི་ཞིག་གིས་ཉེན་རྟོག་པར་གསང་བརྡ་སྤྲད་པར་བརྟེན། མཱ་ཇོམ་ཌར་ཕ་བུ་གཉིས་འཛིན་བཟུང་བྱས་སྟེ་འདྲི་གཅོད་བྱེད་བཞིན་ཡོད་འདུག

ཉེན་རྟོག་པས་བརྗོད་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༤ ཉིན་རང་མིང་མ་བརྗོད་པའི་མི་ཞིག་གིས་ཉེན་རྟོག་པར་ཁ་པར་ཡོང་སྟེ། མཱ་ཇོམ་ཌར་གྱིས་རང་གི་ཨ་མའི་ཕུང་པོ་ཉར་ཚགས་བྱས་ཡོད་པའི་གནས་ཚུལ་ཞུས་པར་བརྟེན། ཉེན་རྟོག་པས་ཁྱིམ་ཚང་དེའི་ནང་སྔོག་བཤེར་བྱེད་སྐབས་མཱ་ཇོམ་ཌར་གྱིས་འཁྱག་སྒམ་ཆེན་པོ་ནར་མོ་ཞིག་གི་ནང་དུ་ཨ་མའི་ཕུང་པོ་བཅུག་ཡོད་པ་མ་ཟད། ཕུང་པོར་སྨན་རྫས་སོགས་བྱུག་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

ཉེན་རྟོག་པས་སྔོག་བཤེར་བྱེད་སྐབས། མཱ་ཇོམ་ཌར་གྱིས་ཕུང་པོ་ཉར་ཚགས་བྱེད་སྟངས་དང་། མི་ཤི་རྗེས་སྐྱེ་བ་ལེན་ཚུལ་གྱི་དེབ་འགའ་ཉར་ཡོད་པ་ལག་སོན་བྱུང་ཡོད་པ་དང་། ཁོས་རང་གི་ཨ་མའི་ཕུང་པོ་བདག་ཉར་བྱས་ཚེ་ཨ་མས་སྐྱེ་བ་ཡང་བསྐྱར་ལེན་པའི་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་དང་། ཁོའི་ཕ་མ་གཉིས་རྒས་ཡོལ་ཞུས་ཟིན་ཏེ་རྒས་ཕོགས་ཐོབ་ཀྱི་ཡོད་སྟབས། མཱ་ཇོམ་ཌར་གྱིས་རང་གི་ཨ་མའི་རྒས་ཕོགས་ལེན་ཆེད་གསང་སྟབས་ཀྱིས་ཕུང་པོ་ཉར་བསྡད་པ་ཡིན་མིན་གྱི་དོགས་འདྲི་དང་། དངུལ་གྱི་ཆེད་དུ་ཨ་མའི་དབང་པོ་ལྐོག་ཚོང་བྱས་ཡོད་མེད་ཐད་སྨན་ཁང་ནས་ཕུང་པོར་ཞིབ་འཇུག་བྱེད་བཞིན་ཡོད་འདུག

མཱ་ཇོམ་ཌར་གྱི་ཁྱིམ་མཚེས་ཚོས་ཕྱི་ལོ་༢༠༡༥ཟླ་༤པའི་ནང་རང་ལོ་ ༨༤ ཡིན་པའི་ཁོའི་ཨ་མ་ལགས་འདས་གྲོངས་སུ་ཕྱིན་པ་ཤེས་རྟོགས་བྱུང་ཡོད་ཀྱང་། ཕུང་པོ་སྲེག་པའི་བརྡ་སོགས་གང་ཡང་བརྒྱབ་མེད་ལ། ཕྱིར་ཁྱེར་བའང་མཐོང་མེད་སྐོར་དང་།  དངུལ་ཁང་གིས་ཨ་མ་འདས་གྲོངས་སུ་ཕྱིན་རྗེས་ཀྱང་རྒྱུན་ལྡན་ལྟར་མོའི་རྒས་ཕོགས་ཟླ་རེར་ཧིན་སྒོར་ ༣༠༠༠༠ ཡོད་པ་དེ་བཏོན་ཡོད་སྐོར་བརྗོད་ཡོད་པ་དང་། ཉེན་རྟོག་པས་མཱ་ཇེམ་ཌར་གྱིས་དངུལ་བྱང་ཐོག་ནས་དངུལ་དེ་རྣམས་བླངས་ཡོད་ལུགས་བཤད་འདུག

ཁྱིམ་ཚང་དེར་བཟའ་མི་གསུམ་ལས་མེད་པ་དང་། འདས་པའི་ལོ་ངོ་ ༣༠ ལྷག་རིང་ཀོལ་ཀ་ཏའི་གྷོ་པིར་དུ་གནས་སྡོད་བྱས་ཤིང་། མཱ་ཇོམ་ཌར་གྱིས་ཀོ་བའི་བཟོ་སྐྲུན་ལས་རིགས་ལ་སློབ་སྦྱོང་བྱས་ཡོད་པ་དང་། ཁོ་རང་ཉར་ཚགས་སྨན་རྫས་རིགས་ལ་ཅུང་ཆ་རྒྱུས་ཡོད་འདུག

 

བསྐྱར་བཅོས།: ༢༠༡༨/༠༤/༠༧

Leave a Reply