ཊོམ་ཕུ་ཁང་རྩེག་ལ་མེ་སྐྱོན་བྱུང་།

ཨ་རིའི་ནེའུ་ཡོག་ཏུ་ཡོད་པའི་སྲིད་འཛིན་ཊོམ་ཕུའི་ལས་ཁུངས་དང་སྡོད་གནས་སོགས་ཡོད་པའི་ཊོམ་ཕུ་ཁང་རྩེག་ལ་མེ་སྐྱོན་ཤོར་ཏེ་མི་གཅིག་རྐྱེན་འདས་དང་མེ་གསོད་རུ་ཁག་གི་མི་དྲུག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཨ་རིའི་ནེའུ་ཡོག་མེ་གསོད་རུ་ཁག་གི་བརྗོད་པ་ལྟར་ན།  ཁ་སང་ཕྱི་དྲོར་གྲོང་ཁྱེར་ནེའུ་ཡོག་ནང་ཡོད་པའི་ཊོམ་ཕུ་ཁང་རྩེག(Trump Tower)གི་ཐོག་རྩེག་ ༥༠ པའ་ནང་གློ་བུར་དུ་མེ་སྐྱོན་བྱུང་སྟེ། ལོ་ན་ ༦༧ ཡིན་པའི་ཊོ་ཌི་བྷ་ར་སི་ནར་ཞེས་པའི་རྒན་པོ་ཞིག་གི་ཚེ་སྲོག་ཤོར་ཡོད་པ་དང་། མེ་གསོད་སྐབས་ལས་བྱེད་དྲུག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། ཐོག་རྩེག་དེའི་ནང་སྲིད་འཛིན་ཊོམ་ཕུའི་ལས་ཁུངས་དང་སྡོད་གནས་བཅས་ཡོད་འདུག

མེ་སྐྱོན་བྱུང་སྐབས། སྲིད་འཛིན་ཊོམ་ཕུ་དང་སྐུ་ལྕམ་དང་པོ་མ་ལི་ནེ་ཡ། བུ་ཆུང་ཤོས་བྷར་རོན་བཅས་རྒྱལ་ཝ་ཤིང་ཊོན་དུ་ཡོད་སྟབས། ཁང་རྩེག་དེའི་ནང་མེད་པ་རེད། ཡིན་ནའང་། མེ་སྐྱོན་ཤོར་རྗེས་ཡུན་རིང་མ་འགོར་པར་སྲིད་འཛིན་ཊོམ་ཕུས་ཊི་ཝེ་ཊར་ནང་། ས་གནས་མེ་གསོད་རུ་ཁག་གིས་མེ་བསད་ཚར་ཡོད་པ་དང་། ལས་ཀ་ཧ་ཅང་ལེགས་པོ་བྱས་འདུག་ཐུགས་རྗེ་ཆེ་ཞུ་ཞེས་བརྗོད་ཡོད་འདུག

 དེ་ནས་སྐར་མ་ ༤༥ རྗེས་སུ་བརྒྱུད་ལམ་ཁག་ཏུ་མི་ཞིག་རྐྱེན་འདས་དང་མི་དྲུག་ལ་རྨས་སྐྱོན་ཕོག་པ་བཅས་ཀྱི་གནས་ཚུལ་ཐོན་པ་མ་ཟད།  ནེའུ་ཡོག་མེ་གསོད་རུ་ཁག་གི་འགན་འཛིན་ཌ་ནལ་ནེ་གྷི་རོ་(Daniel Nigro)ལགས་ཀྱིས། མེ་སྐྱོན་ཤོར་ས་དེ་ཐོག་བརྩེག་ ༥༠ ནང་ཡིན་པ་དང་། ད་ལྟ་ད་དུང་མེ་སྐྱོན་གསོད་ཐུབ་མེད་སྟབས། ང་ཚོས་ཐོག་རྩེག་རེ་རེའི་ནང་གནས་པའི་མི་རྣམས་མྱུར་སྐྱོབ་བྱེད་ཀྱིན་ཡོད་ལ། མེ་སྐྱོན་ཤོར་ས་དེ་ཐོག་རྩེག་ ༥༠ ནང་ཡིན་སྟབས། ང་ཚོ་ཡར་འཛེག་དགོས་ཡོད་དུས་དཀའ་ལས་ཁག་པོ་འདུག  ཅེས་བརྗོད་ཡོད་པ་རེད།

ཊོམ་ཕུའི་ཁང་རྩེག་དེ་ནི་ཕྱི་ལོ་ ༡༩༧༩ ནས་འཛུགས་སྐྲུན་མགོ་འཛུགས་ཀྱིས་ཕྱི་ལོ་ ༡༩༨༣ ལོར་ལེགས་གྲུབ་བྱུང་ཡོད་པ་དང་།  ཊོམ་ཕུའི་ཁང་རྩེག་དེར་ཨ་སྒོར་ས་ཡ་ ༣༧༡ ཙམ་ཕྱིན་ཡོད་པ་དང་ཁང་པ་དེར་ཐོག་རྩེག་ ༥༨ ཙམ་ཡོད་པ་རེད། ཁང་རྩེག་དེ་ནས་མི་ཁག་ཅིག་སྔ་གཞུག་ཏུ་རྐྱེན་འདས་སུ་ཕྱིན་ཡོད་འདུག ཐོག་མར་འཛུགས་སྐྲུན་སྐབས་ལས་མི་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། དེའི་རྗེས་ཐོག་རྩེག་ ༢༥ ནང་མེ་སྐྱོན་ཤོར་ཏེ་ཟླ་ ༢ རིང་འཛུགས་སྐྲུན་མཚམས་འཇོག་བྱ་དགོས་འཁེལ་ཡོད་པ། དེ་བཞིན། ཕྱི་ལོ་ ༡༩༨༣ ལོར་ཁང་རྩེག་དེའི་ཤེལ་གྱི་སྒེའུ་ཁུང་ཞིག་མར་ཟགས་ནས་འོག་གི་འགྲུལ་བ་གཉིས་ལ་རྨས་སྐྱོན་བཟོས་ཏེ་ཕྱིས་སུ་གཅིག་འདས་གྲོངས་སུ་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༤/༠༩

Leave a Reply

One thought on “ཊོམ་ཕུ་ཁང་རྩེག་ལ་མེ་སྐྱོན་བྱུང་།

  1. གཞུང་པ་ཚེ་དབང་བསོད་ནམས་།

    ཧ་ཧ་བགད་མོ་ཤོར་སོང་གནས་ཚུལ་འདི་རིགས་ལ་དོ་སྣང་སྤྲོད་དགོས་པའི་རིན་ཐང་ཨ་ཡོད་ཧཧཧ