ཀེམ་ཇོང་ཨན་གྱིས་གྲ་སྒྲིག་ཡོད་ཟེར།

ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གཉིས་དངོས་སུ་ཐུག་འཕྲད་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་འདུག
བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་དང་ཨ་རིའི་སྲིད་འཛིན་ཊོམ་ཕུ་གཉིས་དངོས་སུ་ཐུག་སྟེ་རྡུལ་ཕྲན་མཚོན་ཆའི་གནད་དོན་དང་། ཀོ་རི་ཡ་རྒྱ་མཚོའི་དམག་དོན་གྲོས་མོལ་ཆེད། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་མི་སྣས་གསང་བའི་ངང་གྲ་སྒྲིག་བྱེད་བཞིན་ཡོད་འདུག་ལ། ཁ་སང་ཕྱི་ཚེས་ ༨ ཉིན་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གྱིས་བྱང་ཀོ་རི་ཡར་གྲ་སྒྲིག་ཡོད་ཞེས་བསྒྲགས་འདུག

ཉེ་སྔོན་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་རྒྱ་ནག་ནང་མ་ཕྱིན་སྔོན་དུ། ཨ་རིའི་སྲིད་འཛིན་ཊོམ་ཕུས་ཡོངས་གྲགས་ཀྱི་ཐོག་ནས་ཀེམ་ཇོང་ཨན་ལ་དངོས་སུ་ཐུག་པའི་འདོད་པ་ཡོད་ཅེས་བསྒྲགས་ཡོད་ཀྱང་། བྱང་ཀོ་རི་ཡ་གཞུང་ནས་དེའི་ཐོག་གསལ་ཁ་གང་ཡང་བཏོན་མེད་སྟབས། ད་ལན་བྱང་ཀོ་རི་ཡས་ཡུལ་གཉིས་བར་གྲོལ་མོལ་བྱེད་འདོད་ཡོད་པ་མངོན་གསལ་དུ་བསྟན་པ་ཐོག་མ་ཡིན་འདུག

རྒྱ་ནག་ནི་བྱང་ཀོ་རི་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཆེ་ཤོས་དེ་ཡིན་སྟབས། སྲིད་དོན་དཔྱད་ཞིབ་པ་ཚོས་བརྗོད་ན། ཀེམ་ཇོང་ཨན་གྱིས་ཨ་རིའི་སྲིད་འཛིན་དང་ཐུག་འཕྲད་མ་བྱས་སྔོན་ལ་ཁོའི་ཕྱི་སྐྱོད་ཀྱི་གོམ་པ་དང་པོ་རྒྱ་ནག་ནང་སྤོས་པ་མ་ཟད། གསང་སྟབས་ཀྱིས་ཕྱིན་པའི་སྐོར་སྐྱོད་དེའི་དགོས་དམིགས་གཙོ་བོ་ནི། ཨ་རི་དང་བྱང་ཀོ་རི་ཡའི་བར་གྱི་གྲོས་མོལ་ལ་ལམ་སྟོན་ཞུ་བར་ཕྱིན་པ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

བྱང་ཀོ་རི་ཡ་གཞུང་ནས་ཨ་རི་དམིགས་འབེན་དུ་བཟུང་སྟེ་ལོ་མང་གི་གོང་ནས་བཟུང་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདལ་གྱི་ཚོད་ལྟ་ཐེངས་མང་བྱས་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡༡ པའི་ནང་ཨ་རིའི་རྒྱལ་ཡོངས་སུ་སྙོབ་ཐུབ་པའི་རྡུལ་ཕྲན་མཚོན་ཆ་ལེགས་འགྲུབ་བྱུང་ཡོད་སྐོར་བསྒྲགས་ཏེ་ཨ་རིར་སྔར་ལས་འཇིགས་སྣང་ཆེ་རུ་ཕྱིན་ཡོད་པ་དང་། ཨ་རིས་ཀྱང་ལྷོ་ཀོ་རི་ཡ་དང་མཉམ་འབྲེལ་དམག་སྦྱོང་བྱས་ཏེ། ཡུལ་གཉིས་བར་དམག་རྒྱག་པར་གྲ་སྒྲིག་ཆ་ཚང་ཡོད་ཅེས་ཊོམ་ཕུ་གཞུང་ནས་ཐེངས་འགར་བསྒྲགས་ཡོད། ཡིན་ནའང་།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་པ་བྱང་ཀོ་རི་ཡའི་ནང་ཆེད་གཏོང་གིས་གྲོས་མོལ་བྱས་པ་དང་། ལྷོ་ཀོ་རི་ཡའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་འབྲེལ་བའི་ལྷོ་བྱང་ཀོ་རི་ཡའི་མཐོ་རིམ་དཔོན་རིགས་ཀྱི་གྲོས་མོལ་བརྒྱུད། ཨ་རི་དང་བྱང་ཀོ་རི་ཡ་གཉིས་ཀྱི་ཛ་དྲག་ཆེ་བའི་རྩོད་རྙོག་ཅུང་ཞི་འཇགས་སུ་ཕྱིན་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱལ་ཁབ་གཉིས་བར་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་འཕྲད་ཅིག་གནང་སྲིད་པའི་རེ་བ་ཆེན་པོ་མངོན་གྱི་ཡོད་པ་རེད། ད་ལྟའི་ཆར་ས་གནས་གང་དུ་ཐུག་འཕྲད་བྱ་རྒྱུ་ཡིན་མིན་གསལ་པོ་མེད་ཀྱང་། སོག་པོའི་རྒྱལ་ས་ཨ་ལན་པ་ཐར་(Ulaanbaatar)ཡང་ན། ལྷོ་ཀོ་རི་ཡའི་རྒྱལ་ས་སོལ(Seoul)་དུ་ཐུག་འཕྲད་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

བསྐྱར་བཅོས།: ༢༠༡༨/༠༤/༠༩

Leave a Reply

3 thoughts on “ཀེམ་ཇོང་ཨན་གྱིས་གྲ་སྒྲིག་ཡོད་ཟེར།

  1. ཨ་འབར་འཇིགས་དབང།

    ཞི་ཅིང་ངན་བརླབ་ཀིམ་ལྗོང་ཁོ་ལ་བརྒྱབ།
    སྤེན་ཚེས་ངན་བརླབ་ཟླ་སྒྲོན་ལགས་སུ་བརྒྱབ།
    ཟླ་སྒྲོན་སྤྱི་སེམས་འཁུར་ནས་སྲིད་སྐྱོང་མཆོག་ལ་བཤད།
    སྲིད་སྐྱོང་ཡིད་ཆེས་བརླགས་ནས་སྤེན་ཚེ་གནས་དབྱུང་བཏང།

  2. གཞུང་པ་ཚེ་དབང་བསོད་ནམས་།

    ཆབ་སྲིད་མི་སྣའི་ཆབ་སྲིད་འཁོར་ལོ་བསྐོར་།
    ཞི་བའི་མི་མང་རང་འཚོ་ཐུབ་ལ་དཀའ་།
    ཆབ་སྲིད་མི་སྣའི་ཆབ་སྲིད་ཟློས་གར་ཁྲབས་།
    འཛམ་གླིང་མི་མང་ལྐུག་པའི་ལྷ་མཐོང་འདྲ་།