བོད་པ་རྣམས་མ་གཞི་ནས་མི་གསོན་པོར་བསྡད་དུས་ཚོར་བ་གང་ཡང་མེད་པ་དང་། ཤི་དུས་གཞི་ནས་དྲན་གྱིན་ཡོད་པ་འདི་ངོ་མ་ཁྱད་མཚར་བོ་རེད།

མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་ཐེངས་བཞི་པའི་ཐོག་དགེ་རྒན་ཆེན་མོ་ཚེ་རིང་ཤཀྱཱ་ལགས་ནས་མཁས་དབང་ཟླ་བ་ནོར་བུ་ལགས་ལ་དངོས་གནས་རྗེས་དྲན་ཞུ་ན་ཁོང་གི་བརྩམས་ཆོས་རྣམས་ལ་སློབ་སྦྱོང་བྱས་སྟེ་བོད་དོན་དང་འབྲེལ་བའི་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་དྲང་པོའི་ཐོག་ནས་བཤད་ཕོད་པ་དང་དཔྱད་ཞིབ་བྱེད་དགོས་པའི་ལམ་སྟོན་གནང་།

ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠།༣༠ ཙམ་ལ། ནེ་རུ་མཐོ་སློབ་ཀྱི་སྤྱི་ཚོགས་ཚན་རིག་གི་ཚོགས་ཁང་ནང་དུ། ནེ་རུ་བོད་དོན་གླེང་སྟེགས་(Tibet Forum-JNU) ཀྱི་གོ་སྒྲིག་འོག མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་(4th Prof. Dawa Norbu Memorial Lecture) ཐེངས་བཞི་པ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་གསུང་བཤད་པ་གཙོ་བོ་ཁ་ན་ཌའི་ཀོ་ལིམ་བྷི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་(University of British Columbia) དགེ་རྒན་ཆེན་མོ་དང་། བོད་ཀྱི་དེང་རབས་ལོ་རྒྱུས་སྨྲ་བ་ཚེ་རིང་ཤཀྱཱ་ལགས་དང་། ནེ་རུ་མཐོ་སློབ་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་ཚན་པའི་དགེ་རྒན་ཆེན་མོ་ཡེ་ཤེས་ཆོས་སྒྲོན་ལགས། གཞན། བོད་རིགས་སློབ་ཕྲུག་དང་དགེ་རྒན། སྤྱི་ཚོགས་དོན་གཉེར་ཅན་བཅས་མི་གྲངས་ ༡༠༠ ཙམ་མཉམ་ཞུགས་གནང་ཡོད་པ་རེད།

ཚོགས་འདུའི་ཐོག་་ནེ་རུ་བོད་དོན་གླེང་སྟེགས་ཀྱི་ཚོགས་མི་རྒྱལ་མཚན་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་གྱི་གཏམ་བཤད་གནང་སྐབས། མཁས་དབང་ཟླ་བ་ནོར་བུ་ལགས་ནི་བོད་ཀྱི་སྤྱི་ཚོགས་ཚན་རིག་པ་གྲགས་ཅན་ཞིག་ཆགས་ཡོད་ལ། ཁོང་གིས་བརྩམས་གནང་བའི་དཔེ་ཆ་དཔེར་ན། སྐར་ལྔའི་དར་དམར་འོག་གི་བོད་དང་།  (Red Star Over Tibet )དང་། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས།(China’s Tibet Policy )།  འཛམ་གླིང་གསུམ་པའི་མི་རིགས་རིང་ལུགས་ཀྱི་རིག་གནས་དང་ཆབ་སྲིད། (Culture and Politics of Third World Nationalism ) སོགས་བརྒྱུད་བོད་ཀྱི་གནས་བབ་དང་སྤྱི་ཚོགས་ལ་དཔྱད་ཞིབ་མཐིལ་ཕྱིན་པ་གནང་ཡོད། ཅེས་བརྗོད་སོང་།

ཡང་ཁོང་གིས་མུ་མཐུད། སྤྱིར་བཏང་ང་ཚོས་ ༢༠༡༥ ནས་བཟུང་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་ཚོགས་འདུ་(Symposium in Memory of Prof. Dawa Norbu) གོ་སྒྲིག་ཞུས་ཡོད་ནའང་། ཚོགས་འདུའི་ནང་དོན་དང་སྒྲོམ་གཞི་སློབ་ཕྲུག་སྤྱི་མོས་ཀྱི་གྲོས་ཆོད་ལྟར། ད་ལོ་ནས་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་(Prof. Dawa Norbu Memorial Lecture) གོ་སྒྲིག་ཞུ་རྒྱུ་གཏན་འཁེལ་ཡོད་པ་དང་། དམིགས་ཡུལ་གཙོ་བོ་ནི། མཁས་དབང་ཁོང་གི་བོད་དོན་དང་འབྲེལ་བའི་ཞིབ་འཇུག་རྩོམ་ཡིག་རྣམས་ལ་གྲོས་བསྡུར་བྱ་རྒྱུ་ཙམ་ཞིག་མ་ཡིན་པར། བོད་དང་འབྲེལ་བའི་ལྟ་ཚུལ་གསར་པ་རྣམས་ལ་ཞིབ་འཇུག་གི་ངོ་བོའི་ཐོག་ནས་གང་དེའི་ཆབ་སྲིད་དང་སྤྱི་ཚོགས། འཁོར་ཡུག ད་དུང་རིག་གཞུང་སོགས་ལ་དཔྱད་ཞིབ་བྱུ་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་ཡོད་” ཅེས་བརྗོད་སོང་།

དེ་ནས་ཐེངས་འདིའི་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གསུང་བཤད་པ་གཙོ་བོ་མཁས་དབང་ཚེ་རིང་ཤཀྱཱ་ལགས་ནས་མཁས་དབང་ཟླ་བ་ནོར་བུའི་སྐུ་པར་གྱི་མདུན་དུ་མར་མེ་ཞལ་འབྱེད་གནང་རྗེས། ཁོང་གིས། སྤྱིར་བཏང་ནས་ཟླ་བ་ལགས་ངའི་གྲོགས་པོ་རྙིང་པ་ཞིག་ཡིན་པའི་ཆ་ནས། ཁོང་གི་སྐོར་ག་དུས་བཤད་ན་ཡང་། ང་ལ་སེམས་ཚོར་ཆེན་པོ་ཞིག་ཡོང་གིན་འདུག ང་རང་གིས་ཁོང་ཐོག་མར་མཇལ་དུས། ལོ་ ༡༣ ཡས་མས་ཙམ་ཞིག་ཡིན་ལ། སྐབས་དེ་དུས་ཁོང་ (Jorbagh) ལ་ཡོད་པའི་བོད་གནས་བསྐྱར་ཞིབ་ (Tibetan Review) ནང་ལས་ཀ་བྱེད་ཀྱིན་འདུག ཐེངས་གཉིས་པ་ཕྱི་ལོ་ ༡༩༨༢ ཙམ་ཞིག་ལ་ང་རང་སློབ་གྲྭ་ཐོན་ཏེ་མཐོ་སློབ་ལ་འགྲོ་དུས། ཁོང་འབུམ་རམས་པ་ཐོན་ཚར་འདུག རྗེས་སུ་ང་རང་ (SOAS) ལ་ཡོད་དུས། ཁོང་དང་ལྷན་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། ཤེས་ཡོན་ཅན་གྱི་འགན་འཁྲི་སོགས་བརྗོད་གཞི་འདྲ་མིན་ཐོག་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་། ཞེས་གསུངས་ཏེ། མཁས་དབང་ཟླ་བ་ནོར་བུའི་སྐུ་ཚེ་དང་འབྲེལ་ཏེ། ཁོང་གི་གསར་འགོད་རིག་པ་དང་ཤེས་ཡོན་པའི་འགན་འཁྲི། ཁོང་གི་དེབ་སྐར་ལྔའི་དར་དམར་འོག་གི་བོད་ (Red Star over Tibet) དང་དེའི་ནང་དོན། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས། ད་དུང་ཁོང་གི་ཞིབ་འཇུག་གི་ཐབས་ལམ་སོགས་གཙོ་བོ་བརྗོད་གཞི་བཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད།

ཡང་སྐབས་དེར་ཁོང་གིས། སྐབས་དེ་དུས་བོད་པའི་སྤྱི་ཚོགས་ནང་མི་ཕལ་ཆེ་བ་ཞིག་གིས་ཟླ་བ་ལགས་བོད་གནས་བསྐྱར་ཞིབ་ནང་ལས་ཀ་བྱེད་ཀྱིན་ཡོད་པ་ཤེས་ཀྱིན་ཡོད་ལ། ཁོང་གིས་དུས་དེབ་འདིའི་རྩོམ་སྒྲིག་པ་གནང་ཏེ། དྲང་པོའི་ཐོག་ནས་སྤྱི་ཚོགས་ལ་དཔྱད་ཞིབ་བྱ་རྒྱུའི་སྡིངས་ཆ་ཞིག་བསྐྲུན་ཡོད་ལ། སྐབས་དེར་བོད་གནས་བསྐྱར་ཞིབ་ནི། བོད་དང་རྒྱལ་སྤྱིའི་གནས་ཚུལ་མཁོ་སྤྲོད་བྱེད་སའི་བསྟི་གནས་གལ་ཆེན་ཞིག་ཀྱང་ཆགས་ཡོད། ད་ལྟ་ཁྱེད་ཚོ་བོད་རིགས་གཞོན་སྐྱེས་ཚོས་སྐབས་དེའི་བོད་གནས་བསྐྱར་ཞིབ་ནང་བྲིས་པའི་རྩོམ་འདི་དག་ལ་བལྟས་ན་གསལ་པོ་ཞིག་ཧ་གོ་ཐུབ། གཉིས་པ་ཁོང་སྐུ་འཚོ་བཞུགས་སྐབས། བཙན་བྱོལ་སྤྱི་ཚོགས་ནང་འདི་ཙམ་གྱིས་དོ་སྣང་བྱས་མེད་པ་དང་། ད་ལྟ་ང་ཚོིས་ཁོང་ལ་རྗེས་དྲན་དང་ཁོང་གི་ལྟ་ཚུལ་རྣམས་ལ་རྒྱབ་སྐྱོར་བྱེད་དུས། གནས་ཚུལ་གསལ་པོ་ཞིག་ག་རེ་ཤེས་ཐུབ་ཀྱི་རེད་ཟེར་ན། བོད་པ་རྣམས་མ་གཞི་ནས་མི་གསོན་པོར་བསྡད་དུས་ཚོར་བ་གང་ཡང་མེད་པ་དང་། ཤི་དུས་གཞི་ནས་དྲན་གྱིན་ཡོད་པ་འདི་ནི་ངོ་མ་ཁྱད་མཚར་བོ་རེད། དེར་བརྟེན་ཁོང་འདས་གྲོངས་སུ་ཕྱིན་དགོས་པའི་རྒྱུ་རྐྱེན་གཅིག་ནི། སྐབས་དེར་བཙན་བྱོལ་ནང་ཡོད་པའི་བོད་པ་ཚོས། ཁོང་སྤྱི་ཚོགས་ནས་ཕྱིར་འབུད་ (Social Ostracism) བྱ་རྒྱུའི་བྱེད་སྟངས་དེ་ཚོར་ཐུག་བསྡད་ཡོད།” ཅེས་དང་། གལ་ཏེ་ང་ཚོས་དངོས་གནས་མཁས་དབང་ཁོང་ལ་རྗེས་དྲན་ཞུ་ཡག་ཡིན་ན། ཁོང་གིས་བརྩམས་པའི་བརྩམས་ཆོས་རྣམས་ལ་སློབ་སྦྱོང་བྱས་སྟེ་བོད་དོན་དང་འབྲེལ་བའི་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་། དྲང་པོའི་ཐོག་ནས་བཤད་ཕོད་པ་དང་དཔྱད་ཞིབ་བྱེད་དགོས་པའི་ལམ་སྟོན་གནང་སོང་།

ཉིན་རྒྱབ་ཏུ་བོད་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་གཞོན་སྐྱེས་ཉམས་ཞིབ་པ་གསུམ་གྱིས་རྩོམ་ཡིག་སྒྲོག་སྦྱང་བྱས་ཡོད་པ་དང་། མཛད་སྒོའི་གསོལ་ཇའི་བར་གསེང་དུ། ད་ལན་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་ལ་མཉམ་ཞུགས་གནང་མཁན། ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ནུབ་ཕྱོགས་པའི་རྩོམ་རིག་སྒྱུ་རྩལ་ཐོག་གཙུག་ལག་རབ་འབྱམས་པ་བྱེད་བཞིན་པའི་བློ་ལྡན་ཕུན་ཚོགས་ལགས་སུ་ཚོགས་འདུ་འདི་དང་འབྲེལ་བའི་ཐོག་སྒེར་གྱི་བསམ་ཚུལ་གང་ཡོད་བཅར་འདྲི་བྱེད་སྐབས། ཁོང་གིས། “སྤྱིར་ཚོགས་འདུ་སྔོན་མ་དང་བསྡུར་ན། ད་ལན་གཏམ་བཤད་གནང་མཁན་གྱི་བརྗོད་གཞི་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཆགས་འདུག་ལ། ང་རང་ངོས་ནས་བཤད་ན། ང་ཚོས་དམིགས་བསལ་བོད་མིའི་ངོ་བོ་(Tibetan Identity) སྒང་ལ་སྐད་ཆ་བཤད་དུས། སོ་སོའི་སློབ་གྲྭར་སྦྱངས་པའི་བོད་དང་འབྲེལ་བའི་གནས་ཚུལ་ཙམ་ཞིག་མ་ཡིན་པར། ཕྱོགས་ཡོངས་ནས་དཔྱད་ཞིབ་བྱ་རྒྱུ་དེ་བོད་རིགས་གཞོན་སྐྱེས་ཤེས་ཡོན་ཅན་ཚོའི་འོས་འགན་གལ་ཆེན་ཞིག་མཐོང་གིན་འདུག ” ཅེས་བརྗོད་བྱུང་།

དེ་ནས་ཨོ་པི་ཇིན་རྡལ་སློབ་ཆེན་(O.P. Jindal University) ལ་སློབ་གཉེར་བྱེད་བཞིན་པའི་བསོད་ནམས་ཚེ་རིང་ལགས་སུ། ཚོགས་འདུ་གོ་སྒྲིག་བྱེད་སྟངས་སྐོར་བསམ་ཚུལ་ཅི་ཡོད་དྲིས་པར་ཁོང་གིས། དེ་རིང་གཏམ་བཤད་གནང་མཁན་མཁས་དབང་ཚེ་རིང་ཤཀྱཱ་ལགས་ཡིན་དུས། ནམ་རྒྱུན་གཞུང་འཛིན་དཔོན་རིགས་ཚོས་སྐད་ཆ་བཤད་པ་ལྟ་བུ་མ་ཡིན་པར། བོད་དང་འབྲེལ་བའི་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་ཐུབ་པ་བྱུང་སོང་ལ། ང་ཚོ་གཞོན་སྐྱེས་ཤེས་ཡོན་ཅན་ཚོའི་ངོས་ནས་ཀྱང་སྤྱི་ཚོགས་ཀྱི་དངོས་ཡོདགནས་སྟངས་གང་ཞིག་ཡིན་ནའང་དྲང་པོའི་ཐོག་ནས་དཔྱད་ཞིབ་བྱ་དགོས་པ་དེ་གལ་ཆེན་པོ་ཡིན་པའི་ཚོར་སྣང་བྱུང་སོང་། ཞེས་བརྗོད་བྱུང་།

གནས་ཚུལ་མཁོ་གཏོང་བ། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ། (ནེ་རུ་སློབ་ཆེན)

བསྐྱར་བཅོས།: ༢༠༡༨/༠༤/༡༡

Leave a Reply

One thought on “བོད་པ་རྣམས་མ་གཞི་ནས་མི་གསོན་པོར་བསྡད་དུས་ཚོར་བ་གང་ཡང་མེད་པ་དང་། ཤི་དུས་གཞི་ནས་དྲན་གྱིན་ཡོད་པ་འདི་ངོ་མ་ཁྱད་མཚར་བོ་རེད།

  1. གཞུང་པ་ཚེ་དབང་བསོད་ནམས་།

    གསོན་དུས་མཁས་པ་མཁས་པའི་དགྲ་།
    འཆི་དུས་མཁས་པ་མཁས་པའི་གཉེན་།
    དགྲ་གཉེན་མང་བའི་སྤྱི་ཚོགས་འདི་།
    མཁས་པ་རྣམས་ཀྱི་སྐུ་ཡོན་རེད་།