མེག་སི་ཀོ་རྒྱལ་མཚམས་སུ་ལྟ་སྲུང་དམག་མི་འབོར་ཆེན་བཞག

ཨ་རི་གཞུང་གིས་མེག་སི་ཀོ་(Mexico)རྒྱལ་མཚམས་ཀྱི་རྩིག་གྱང་བསླང་མ་ཚར་བར་དུ་མཐའ་མཚམས་མངའ་སྡེ་ཁག་ནས་ལྟ་སྲུང་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་འདུག

ཨ་རིའི་སྲིད་འཛིན་འོས་འདེམས་སྐབས་ཊོམ་ཕུས་ཨ་རི་མི་མང་ལ་དམ་བཅའ་བཞག་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཊོམ་ཕུས་ཨ་རི་དང་མེག་སི་ཀོ་རྒྱལ་མཚམས་ལ་རྩིག་གྱང་བསླངས་མ་ཚར་བར་དུ་ལྟ་སྲུང་དམག་མི་ ༤༠༠༠ ཙམ་འགྲེམས་འཇོག་བྱ་རྒྱུ་ཡིན་ལུགས་བསྒྲགས་མ་ཐག ཏྲེ་ཁུ་སི་མངའ་སྡེ་(Texas)ནས་དམག་མི་ ༢༥༠ དང་ཨེ་རེ་རྫོ་ནཱ་མངའ་སྡེ་(Arizona)ནས་དམག་མི་ ༢༢༥ མཐའ་མཚམས་སུ་འགྲེམས་འཇོག་བྱས་ཡོད་པ་དང་། དེ་རིང་སླར་ཡང་དམག་མི་ ༡༡༣ སྣོན་འཆར་ཡོད་འདུག གཞན། མེག་སི་ཀོ་གསར་པ་མངའ་སྡེ་(New Mexico)དང་ཁཱ་ལེ་ཧྥོར་ནེ་ཡ་མངའ་སྡེ་(California)གཉིས་ཀྱིས་ཀྱང་དམག་མི་འགྲེམས་འཇོག་བྱ་དགོས་ཚུལ་ཊོམ་ཕུས་འབོད་སྐུལ་གནང་ཡོད་འདུག འོན་ཀྱང་། དམངས་གཙོ་ཚོགས་པས་འཛིན་སྐྱོང་འོག་ཡོད་པའི་ཁཱ་ལེ་ཧྥོར་ནེ་ཡ་མངའ་སྡེའི་བློན་ཆེན་གྱིས་ཁོང་ཚོས་གནས་དོན་དེ་ཐག་གཅོད་བྱེད་པར་སྐོར་སྲུང་བ་འགྲེམས་འཇོག་ལས་ཐབས་ལམ་གཞན་ཡོད་མིན་ལྟ་བཞིན་ཡོད་ཚུལ་བརྗོད་འདུག

ཁ་སང་ཕྱི་ཚེས་ ༩ ཉིན་ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་མགྲིན་ཚབ་པས་མཐའ་མཚམས་སྐོར་སྲུང་བ་ཚོར་བར་སྣང་ལྟ་ཞིབ་འཕུར་ཆས་(Drone)དང་། ཆེ་འབྲིང་ཆུང་གསུམ་གྱི་ཐད་འཕུར་གནམ་གྲུ་བརྒྱུད་ནས་རོགས་འདེགས་བྱ་རྒྱུ་དང་། ཁོང་ཚོས་པར་ཆས་དང་ལྒང་དབུགས་བརྙན་ཆས་བཅས་ཀྱི་ཐོག་ནས་རྒྱལ་མཚམས་ལྟ་སྲུང་བྱེདཔ་མ་ཟད། ལམ་ཁ་ཞིག་གསོ་དང་བཟོ་ལས་གཞན། སྔོ་རིགས་གཙང་བཟོ་དང་དེར་ཡོད་ཡོ་ཆས་རྣམས་བདག་ཉར་རོགས་རམ་སོགས་བྱ་རྒྱུ་ཡིན་ལུགས་བརྗོད་འདུག འོན་ཀྱང་རྩིག་གྱང་གསར་རྒྱག་ལ་ལྟ་སྲུང་དམག་གིས་ལས་ཀ་བྱེད་མིན་ཁ་གསལ་མེད་པ་རེད།

ཡང་ཁོང་གིས། ད་ཐེངས་ཀྱི་ལས་གཞི་འདི་ནི་ནང་སྲིད་ལས་ཁུངས་ལ་རམ་འདེགས་ཀྱི་ཚུལ་དུ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ལྟ་སྲུང་དམག་མིས་གནས་བབ་དང་བསྟུན་ཏེ་དགོས་མཁོ་བྱུང་ན་མ་གཏོགས་དྲག་ཆས་བེད་སྤྱོད་གཏོང་རྒྱུ་མིན་ཚུལ་གསལ་པོ་བརྗོད་ཡོད་འདུག

ཏྲེ་ཁུ་སི་མངའ་སྡེ་(Texas)དང་། ཨེ་རེ་རྫོ་ནཱ་མངའ་སྡེ་(Arizona)། མེག་སི་ཀོ་གསར་པ་མངའ་སྡེ་(New Mexico)། ཁཱ་ལེ་ཧྥོར་ནེ་ཡ་མངའ་སྡེ་(California)བཅས་ནི་མེག་སི་ཀོ་རྒྱལ་མཚམས་ལ་འཁེལ་བའི་ཨ་རིའི་མངའ་སྡེ་བཞི་བོ་དེ་ཡིན་ཞིང་། རྒྱལ་མཚམས་ཀྱི་ས་ཁྱོན་རིང་ཚད་སྤྱི་ལེ་ ༣༡༤༥ ཡོད་འདུག རྒྱལ་མཚམས་དེ་ནས་ལོ་རེར་ཁྲིམས་མཐུན་ཐོག་མི་གྲངས་ས་ཡ་ ༣༥༠ ཡས་མས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་སྟབས། འཛམ་གླིང་ཐོག་འགྲོ་སྐྱོད་ཆེ་ཤོས་ཀྱི་ས་མཚམས་ལ་ངོས་འཛིན་གྱི་ཡོད་འདུག ཕྱི་ལོ་ ༢༠༡༤ ལོར་རྒྱལ་ཁབ་དེའི་མི་གྲངས་ས་ཡ་ ༡༡.༧ ཨ་རིའི་ནང་འཛུལ་ཡོད་པ་ལས་ཕྱེད་ཀ་ཞིག་ཁྲིམས་འགལ་ཐོག་ནང་འཛུལ་བྱས་ཡོད་འདུག

ད་ལན་མེག་སི་ཁོ་རྒྱལ་མཚམས་སུ་དམག་མི་མང་པོ་འགྲེམས་འཇོག་བྱས་པ་ཐེངས་དང་པོ་མིན་པར་སྲིད་འཛིན་ཟུར་པ་ཨོ་བྷ་མའི་(Obama)འཛིན་སྐྱོང་སྐབས་སུ་དམག་མི་ ༡༢༠༠ དང་། བྷུ་ཞི་(George W Bush)འཛིན་སྐྱོང་སྐབས་དམག་མི་ ༦༠༠༠ མཐའ་སྲུང་དམག་ལ་དཔུང་རོགས་སུ་མངགས་འདུག་ཀྱང་། ལོ་གཅིག་ཙམ་གྱི་རྗེས་སུ་གཉིས་ཀ་ཕྱིར་འཐེན་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་སྲིད་འཛིན་ཊོམ་ཕུས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊེའུ་ཊིར་(Twitter)ཐོག ད་ནི་ང་ཚོས་རྩིག་གྱང་མཐོན་པོ་རྩིག་ནས་མྱོས་རྫས་དང་དགྲ་བོ་ཨ་རིའི་ནང་ཡོང་བར་བཀག་འགོག་དགོས་པ་ནི། རྒྱལ་ཁབ་གྱི་བདེ་སྲུང་ཆེད་ཡིན་ཞེས་བསྒྲགས་འདུག མེག་སི་ཀོ་རྒྱལ་མཙམས་སུ་རྩིག་གྱང་བསླང་བར་དམངས་གཙོ་ཚོགས་པས་མོས་མཐུན་བྱེད་ཀྱི་མེད་པ་དང་། རྩིག་གྱང་དེར་འགྲོ་སོང་ཁྱོན་ཨ་སྒོར་དུང་ཕྱུར་ ༡༨༠ དགོས་ཀྱི་ཡོད་པ་དང་། ཟླ་སྔོན་མར་ཊོམ་ཕུས་རྩིག་གྱང་ཆེད་ཨ་སྒོ་དུང་ཕྱུར་ ༡༦ ཅན་གྱི་གྲོས་འཆར་ཞིག་ལ་མོས་མཐུན་མཚན་རྟགས་བརྒྱབ་ཡོད་འདུག་ལ། དེ་སྔོན་ཆེད་མཁས་པས་ཇུས་འགོད་བྱས་པའི་རྩིག་གྱང་འདྲ་མིན་བརྒྱད་གྱི་བཟོ་བཀོད་ལ་ལྟ་ཞིབ་བྱས་ཡོད་འདུག

མེག་སི་ཀོ་ནི་ལྷོ་ཨ་མི་རེ་ཀ་ནང་ཡོད་པ་དང་ཕྱི་ལོ་༢༠༡༧ ལོའི་ཞིབ་འཇུག་གྲངས་ཐོ་ལྟར་ན། ཡུལ་དེར་མི་འབོར་ས་ཡ་ ༡༢༣ ཙམ་ཡོད་ལ། མི་དམངས་དཀྱུས་མའི་ཡོང་འབབ་གཙོ་བོ་ནི་ཁྱིམ་མཚེས་ཨ་རིའི་ནང་བསགས་པའི་དངུལ་ཕྱིར་བསྐུར་བ་དེ་ཡིན་འདུག འོན་ཀྱང་ཕྱི་ལོ་༢༠༠༨ལོར་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཉེན་བྱུང་བར་བརྟེན། ཨ་རིར་ལས་ཀ་རག་རྒྱུ་ཁག་ཏུ་ཕྱིན་པ་དང་ཕྱི་ལོ་༢༠༡༠ལོར་རྒྱལ་མཚམས་བསྐོར་སྲུང་ཇེ་དམ་དུ་བཏང་བ། རྒྱལ་མཚམས་སུ་མྱོས་རྫས་ནག་ཚོང་རྒྱག་མཁན་མང་དུ་ཕྱིན་ཏེ་འགྲོ་ལམ་ཉེན་ཁ་ཅན་ཏུ་གྱུར་བ་དང་། མེག་སི་ཀོ་རྒྱལ་ནང་ལ་ཡར་རྒྱས་ཕྲན་བུ་ཕྱིན་ཏེ་འཚོ་བའི་དགོས་མཁོའི་དབང་གིས་འགྲོ་མ་དགོས་པ་ཞིག་ཆགས་ཡོད་སྟབས། ཁྲིམས་མཐུན་མིན་པར་ཨ་རིའི་རྒྱལ་མཚམས་བརྒལ་མཁན་ཉུང་དུ་འགྲོ་བཞིན་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༤/༡༠

Leave a Reply