ཨ་རིའི་རྐང་སྤོལ་རྩེད་མོ་བས་༧གོང་ས་མཆོག་ལ་མཇལ་ཁ་ཞུས།

ཨ་རིའི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་རྩེད་མོ་བ་གྲགས་ཅན་ཨེ་རོན་རོ་ཇར་སི་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཏེ་དབུ་ཞྭ་དང་ཨ་རིའི་རྐང་སྤོལ་ཞིག་མཇལ་རྟེན་དུ་ཕུལ།
ཁ་སང་ཕྱི་ཚེས་༡༠ཉིན། ཨ་རིའི་སྤོ་ལོའི་རྩེད་མོ་བ་གྲགས་ཅན་ཨེ་རོན་རོ་ཇར་སི་ (Aaron Rodgers) ལགས་བཞུགས་སྒར་དྷ་རམ་ས་ལར་ཆེད་དུ་བཅར་ཏེ། ༧རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་སྟེ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་སྐོར་ལ་ལམ་སྟོན་ཞུས་ཡོད་པ་མ་ཟད།   ཨ་རིའི་རྐང་སྤོལ་རུ་ཁག་གྲགས་ཅན་གྷི་རིན་བྷེ་ཕཱ་སེ་ཀིར་སི་(Green Bay Packers)ཡི་ཉི་ཞྭ་ཞིག་དང་(NFL) ཨ་རིའི་རྐང་སྤོལ་ཞིག་འབུལ་ལམ་ཞུས་ཡོད་པ་དང་། ༧གོང་ས་མཆོག་ནས་ཉི་ཞྭ་དེ་མནབས་ཤིང་ཕྱག་ཟུང་གིས་སྤོ་ལོ་བསྣམས་སྟེ་ཞད་མོ་བཞད་པའི་སྐུ་པར་ཞིག་དྲ་ལམ་ཁག་ཏུ་མང་པོ་འགྲོ་བཞིན་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ད་ལན་ཨ་རིའི་རྐང་སྤོལ་རྩེད་མོ་བ་གྲགས་ཅན་ཨེ་རོན་ཇར་སི་ལགས་དང་ཁོང་གི་མཛའ་མོ་(Danica Patrick)གཉིས་ཀྱིས། ཨ་རིའི་རོགས་ཚོགས་ཆེན་པོ་ (Starkey Hearing Foundation)ཡི་སྐུ་ཚབ་བྱས་ཏེ། བདུན་ཕྲག་གཅིག་རིང་ལྡི་ལིར་ཡོད་པའི་རྒྱ་གར་གྱི་དབང་པོ་སྐྱོན་ཅན་གཅེས་སྐྱོང་ཁང་ལ་ལྟ་སྐོར་དུ་ཡོང་ཡོད་པ་དང་བསྟུན། བཞུགས་སྒར་དྷ་རམ་ས་ལར་ཆེད་བཅར་གནང་ཡོད་པ་དང་། ཁོང་གཉིས་དང་མཉམ་དུ་རྩེད་མོ་བ་གཞན་རེའང་ཡོད་འདུག

ཨེ་རོན་རོ་ཇར་སི་(Aaron Rodgers)ལགས་ནི། ཕྱི་ལོ་ ༡༩༨༣ ཟླ་ ༡༢ པའི་ཚེས་ ༢ ཉིན་ཁཱ་ལི་ཧྥོ་ནི་(California)ཡར་སྐྱེས་ཤིང་། ད་ལྟ་ཨ་རིའི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་མཐུན་ཚོགས་(National Football Conference)ཀྱི་ཆེད་ལས་སྤོ་ལོའི་རུ་ཁག་གྲགས་ཅན་(Green Bay Packers)ཡི་རྩེད་མོ་བ་སྙན་གྲགས་ཅན་ཞིག་ཡིན་འདུག ཨེ་རོན་རོ་ཇར་སིས་འདས་པའི་རྩེད་འགྲན་ཁག་གི་ནང་གཟེེངས་སུ་ཐོན་པའི་ནུས་རྩལ་བཏོན་ཏེ་བྱ་དགའ་མང་པོ་ཐོབ་མྱོང་ཡོད་པ་མ་ཟད། ཨ་རིའི་རྐང་སྤོལ་རྩེད་རིགས་དེའི་ལོ་རྒྱུས་ཁྲོད་སུལང་ཐོབ་མྱོང་མེད་པའི་གཟེངས་བསྟོད་མཐོ་ཤོས་ཁོང་ལ་ཐོབ་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༤/༡༡

Leave a Reply