ཕ་མ་ཤི་ནས་ལོ་བཞིའི་རྗེས་བྱིས་པ་སྐྱེས།

རྒྱ་ནག་ནང་ཡོད་པའི་ཐེན་ཐེན་ཞེས་པའི་ཕྲུ་གུ་ཞིག་ཁོ་རང་གི་ཕ་མ་གཉིས་རྐྱེན་འདས་སུ་ཕྱིན་སྟེ་ལོ་བཞི་ཡི་རྗེས་སུ་ལའོ་སིའི་བུད་མེད་ཅིག་གི་མངལ་ནས་བདེ་ལེགས་ངང་སྐྱེས་ཡོད་པ་རེད།

རྒྱ་ནག་ནང་ཡོད་པའི་རྒྱ་རིགས་བཟའ་ཟླ་གཉིས་ཀྱིས་རང་ཉིད་ཀྱི་བྱིས་པ་སྦྲུམ་སྦུག་ཚན་རྩལ་ལ་བརྟེན་ནས་སྐྱེ་རུ་འཇུག་འདོད་ཡོད་སྟབས། ཁོང་གཉིས་ཀྱིས་རྒྱ་ནག་ནན་ཅིན་སྨན་ཁང་ནང་ཁམས་དཀར་དམར་གཉིས་བདག་ཉར་བྱེད་དུ་བཅུག་ཡོད་འདུག སྟབས་མ་ལེགས་པར་ཕྱི་ལོ་ ༢༠༡༣ ལོར་རླངས་འཁོར་བརྡབ་སྐྱོན་བྱུང་ཏེ་བཟའ་ཟླ་གཉིས་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

ཁོང་གཉིས་ཀྱི་ཤུལ་དུ་ལུས་པའི་ཕ་མ་བཞིས་བཟའ་ཟླ་གཉིས་ཀྱི་རྨི་ལམ་མངོན་འགྱུར་འབྱུང་ཆེད། ཁམས་དཀར་དམར་གཉིས་ཀྱི་བདག་དབང་ཁོང་ཚོར་ཐོབ་ཐབས་སུ་ཡུན་རིང་ཁྲིམས་གཏུགས་བྱས་ཡོད་ཀྱང་། སྨན་ཁང་གཞན་ཞིག་གིས་སྦྲུམ་སྦུག་དེ་ཉར་ཚགས་བྱེད་ཐུབ་པའི་ཁག་ཐེག་མ་རག་བར་དུ་གང་ལའང་འཁྱེར་མི་ཆོག་པའི་ཆ་རྐྱེན་འོག སྦྲུམ་སྦུག་གི་བདག་དབང་ཕ་མ་ཚོར་ཐོབ་ཡོད་འདུག

ཕ་མ་བཞིས་རྒྱ་ནག་ནང་གི་སྨན་ཁང་ཆེ་ཁག་ལ་འབྲེལ་བ་བྱས་ཏེ་སྦྲུམ་སྦུག་ཚན་རྩལ་ལ་བརྟེན་པའི་སྦྲུམ་བུ་དེ་གསོ་ཉར་བྱེད་པའི་རེ་བ་ཤུགས་ཆེན་བརྒྱབ་ཡོད་ཀྱང་།  སྨན་ཁང་གཅིག་གིས་ཀྱང་སྨན་ཁང་གཞན་ན་ཉར་ཚགས་བྱས་ཡོད་པའི་ཁམས་དཀར་དམར་དེར་ལག་པ་འཆང་འདོད་བྱུང་མེད་པའི་ཐོག བུད་མེད་གཞན་གྱི་མངལ་གཡར་ནས་བྱིས་པ་བཙའ་རུ་འཇུག་རྒྱུ་ནི་རྒྱ་ནག་ནང་ཁྲིམས་འགལ་ཆགས་ཡོད་སྟབས། འདས་པོ་གཉིས་ཀྱི་ཕ་མ་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བསྐྱལ།

རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ལའོ་སི་(Laos)ནང་མངལ་གཡར་ནི་ཁྲིམས་མཐུན་ཡིན་པས། ཕྱིས་སུ་ཚོགས་པ་ཞིག་བརྒྱུད་དེ་ལའོ་སི་ནང་ཡོད་པའི་བུད་མེད་ཅིག་ལ་འབྲེལ་བ་བྱུང་བ་མ་ཟད། མོ་རང་སྦྲུམ་བུ་དེའི་མངལ་གཡར་ཨ་མ་བྱེད་རྒྱུར་མོས་མཐུན་བྱས་ཡོད་པ་རེད།  ཡིན་ནའང་། ཡང་སྟབས་མ་ལེགས་པ་ཞིག་ལ་གནམ་གྲུ་གང་གིས་ཀྱང་ཇ་དམ་གྱི་ཆེ་ཆུང་ལས་མེད་པའི་ཁམས་སྣོད་དེ་འཁྱེར་བཅུག་མེད་པར་བརྟེན། ཐབས་བརྒྱ་ཇུས་སྟོང་གིས་རླངས་འཁོར་གྱི་འགྲུལ་བཞུད་ལ་བརྟེན་ནས་མཐར་ཁམས་སྣོད་དེ་མངལ་གཡར་ཨ་མའི་ལག་ཏུ་འཕྲོད།

འཁྱག་པས་བསྡམས་པའི་སྦྲུམ་བུའི་ས་བོན་དེས་འགག་འཕྲང་མང་པོ་ཞིག་བརྒྱུད་རྗེས། མངལ་གཡར་ཨ་མའི་མངལ་ནས་རིམ་གྱིས་ནར་སོན་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་མངལ་གཡར་ཨ་མ་དེ་ལྟ་སྐོར་བའི་ཐོངས་མཆན་འོག ཕྲུ་གུ་སྐྱེས་བར་རྒྱ་ནག་ནང་ཕྱིན་ཡོད་པ་དང་།  ལོ་དེའི་ཕྱི་ཟླ་ ༡༢ པའི་ནང་སྦྲུམ་བུ་དེ་བདེ་ལེགས་ངང་སྐྱེས་ཤིང་། ཤི་གསོན་གཉིས་ཀྱི་རེ་བས་བསྐྱངས་པའི་ཕྲུ་གུ་ཆུང་ཆུང་དེའི་མིང་ལ་ཐེན་ཐེན་ (Tiantian)ཞེས་བཏགས་ཡོད་འདུག ཐེན་ཐེན་གྱི་ཕ་མ་གཉིས་སྔ་མོ་ནས་འདས་གྲོངས་སུ་ཕྱིན་ཡོད་སྟབས། ཁོའི་སྤོ་པོ་དང་རྨོ་མོ་ཚོའི་ཁྲག་ལ་བརྟག་དཔྱད་བྱས་པ་བརྒྱུད། བུ་ཆུང་ཐེན་ཐེན་རྒྱ་ནག་གི་མི་སེར་ཡིན་པ་ར་སྤྲོད་བྱས་ཡོད་པ་དང་། ཁོའི་སྤོ་པོ་རྨོ་མོ་རྣམས་ཀྱིས། ང་ཚོའི་ཁྲག་རྒྱུན་མུ་མཐུད་གནས་ཐུབ་པ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཞེས་བརྗོད་འདུག

བསྐྱར་བཅོས།: ༢༠༡༨/༠༤/༡༢

Leave a Reply