དབང་ཆའི་རྩོད་རྙོག་གིས་གྲོས་ཚོགས་ཕྱིར་འཐེན་བྱས།

སེངྒ་ལའི་གཞུང་སྲིད་མཉམ་འཛིན་ཚོགས་པའི་ནང་ཁུལ་དབང་ཆ་རྩོད་རྙོག་གི་རྐྱེན་གྱིས་ཡུལ་དེའི་སྲིད་འཛིན་གྱིས་གྲོས་ཚོགས་ཕྱིར་འཐེན་བྱས་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། སེངྒ་ལའི་སྲིད་འཛིན་མྰ་ཐི་རེ་པྰ་ལྰ་སི་རེ་སེ་ནྰ་(Maithripala Sirisena)ཡིས། གཞུང་སྲིད་མཉམ་འཛིན་ཚོགས་པའི་ནང་ཁུལ་དུ་དབང་ཆ་རྩོད་རྙོག་བྱུང་བར་བརྟེན། ཡུལ་དེའི་ཚོགས་བཞིན་པའི་གྲོས་ཚོགས་ཟླ་རྗེས་མའི་ཕྱི་ཚེས་༨ བར་ཕྱིར་འཐེན་བྱས་ཡོད་འདུག

ཁ་སང་ཡུལ་དེའི་སྲིད་འཛིན་གྱི་མགྲིན་ཚབ་པ་ཨོ་སི་ཊིན་ཧྥར་ནེན་ཌོ་(Austin Fernando)ཡིས་རོ་ཊིར་གསར་ཁང་ལ་གྲོས་ཚོགས་ཕྱིར་འཐེན་བྱས་ཡིན་པའི་སྐོར་བརྗོད་ཡོད་ཀྱང་། སྲིད་འཛིན་གྱིས་གྲོས་ཚོགས་ཕྱིར་འཐེན་བྱས་པའི་རྒྱུ་མཚན་བརྗོད་མེད་པ་རེད། ཡུལ་དེའི་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ནང་དུ། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་མཚན་དཀྱིལ་ནས་གྲོས་ཚོགས་ཕྱིར་འཐེན་བྱས་ཡོད་པ་དང་། དེ་ནི་སྲིད་འཛིན་གྱི་དབང་ཆ་བེད་སྤྱོད་ལོག་པར་བཏང་བ་མ་ཡིན་པར་ཡུལ་དེའི་རྩ་ཁྲིམས་ཀྱི་དོན་ཚན་ལེའུ་༧༠ པའི་འབྲུ་དོན་ལག་བསྟར་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག

གསལ་བསྒྲགས་དེ་བཏང་རྗེས་ཀྱི་ཆུ་ཚོད་གཅིག་གི་ནང་སྲིད་འཛིན་སི་རེ་སེ་ནྰ་ཡི་བློ་ཐག་ཉེ་བའི་གཞུང་སྲིད་མཉམ་འཛིན་ཚོགས་པའི་སྲིད་བློན་ ༦ ཚུད་པའི་འཐུས་མི་ ༡༦ གིས། དཀའ་རྙོག་ཆེ་བའི་གཞུང་སྲིད་མཉམ་འཛིན་ཚོགས་པ་ནས་ཕྱིར་འབུད་རྒྱུ་ཡིན་པ་བསྒྲགས་ཡོད་པ་དང་། སྲིད་འཛིན་སི་རེ་སེ་ནྰ་ཡིས་གནས་ཚུལ་དེ་གོ་བ་དང་སྲིད་བློན་དེ་དག་གི་ཚབ་ལ་གནས་སྐབས་འཐུས་ཚབ་བསྐོ་བཞག་བྱས་ཡོད་སྐོར་བརྗོད་ཡོད་པ་མ་ཟད། གསར་དུ་བསྐོ་བཞག་བྱས་པའི་སྲིད་བློན་བཞི་ཡི་མིང་ཡང་ཕྱིར་བསྒྲགས་བྱས་ཡོད་འདུག

སེངྒ་ལའི་གཞུང་སྲིད་མཉམ་འཛིན་ཚོགས་པའི་ནང་ཁུལ་དཀའ་རྙོག་ནི། ཉེ་སྔོན་ཕྱི་ཟླ ༢ པའི་ནང་སེངྒ་ལའི་ཚོགས་པ་ཁག་གིས་ས་གནས་གཞུང་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད། ལས་ཐོག་སྲིད་འཛིན་སི་རེ་སེ་ནྰ་ཡི་སེངྒ་ལའི་རང་དབང་ཚོགས་པ་(SLFP)དང་། སྲིད་བློན་ར་ནེལ་གྱི་རྒྱལ་ཡོངས་མཉམ་འབྲེལ་ཚོགས་པ(UNP)གཉིས་བར་ཁ་གཏད་འགྲན་རྩོད་རྣོ་ངར་ཆེན་པོ་བྱས་པའི་རྐྱེན་གྱིས། དེ་སྔའི་སྲིད་འཛིན་ཟུར་པ་མོ་ཧྰན་དྷ་(MRP)ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་རེད།

གཞུང་སྲིད་མཉམ་འཛིན་ཚོགས་པ་གཉིས་ནང་ཁུལ་མ་འཆམ་པའི་རྐྱེན་གྱིས་སྲིད་འཛིན་དང་སྲིད་བློན་གཉིས་བར་དབང་ཆ་འཐབ་རྩོད་བྱུང་སྟེ།སྲིད་འཛིན་སི་རེ་སེ་ནྰ་ཡིས་སྲིད་བློན་གྱི་་གཞུང་གི་དངུལ་ཁང་སྟངས་འཛིན་དབང་ཆ་དང་རྒྱལ་ཡོངས་མཉམ་འབྲེལ་སྲིད་ཇུས་གཏན་འབེབ་ཀྱི་འགན་དབང་གཙོའི་དབང་ཆ་མང་པོ་ཞིག་ཕྱིར་བསྡུ་བྱས་པ་མ་ཟད། སྲིད་བློན་གོ་གནས་ནས་གཡུག་རྒྱུར་འོས་བསྡུ་བྱས་ཡོད་ཀྱང་ཁོ་རང་ཕམ་ཉེས་བྱུང་ཡོད་པ་རེད།

ཐེངས་འདིར་སྲིད་འཛིན་སི་རེ་སེ་ནྰ་ཡིས་གྲོས་ཚོགས་ཕྱིར་འགྱངས་བྱས་པ་ནི། ཁོ་རང་གཞུང་སྲིད་མཉམ་འཛིན་ཚོགས་པའི་དབང་ཆ་ཆེ་ཤོས་ཡིན་པ་གསལ་འདོན་གྱི་ཆེད་དུ་ཡིན་ནའང་། ཉམས་ཞིབ་པ་ཚོས་ཕྱི་ཟླ་༥ པའི་ནང་གྲོས་ཚོགས་བསྐྱར་དུ་མགོ་ཚུགས་སྐབས་ཁོ་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། ཁོ་རང་ལ་རྒྱབ་སྐྱོར་ཡོད་པའི་སྲིད་བློན་དང་གྲོས་ཚོགས་འཐུས་མི་མང་པོས་ཁོའི་བྱེད་སྟངས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༡༣

Leave a Reply